༼སུ་ཞིག་སྨྱོན་པ་རེད་དམ།༽

14/04/2014 23:54

སུ་ཞིག་སྨྱོན་པ་རེད་དམ།

སྔོན་མ་ཞིག་ལ། ཡུལ་ཁམས་ཤིག་ཏུ་རྩིས་མཁན་ཞིག་ཡོད། ཁོས་མ་འོངས་པར་ལེགས་ཉེས་ཅི་འབྱུང་ལ་རྩིས་བརྒྱབ་ནས་འདོར་ལེན་གྱི་བསླབ་སྟོན་བྱེད། ཉིན་ཞིག ཁོ་ཡུལ་དེའི་རྒྱལ་བོའི་དྲུང་དུ་ཕྱིན་ནས་གུས་འདུད་བཅས་རྒྱལ་བོ་ལ། ད་ལྟའི་ཉིན་བདུན་པ་ལ་ཆར་བ་ཞིག་འབབ་ངེས་རེད། དེའི་ཆར་ཆུ་སུ་ཞིག་གི་ཁ་ལ་སོང་ཚད་ཚང་མ་སྨྱོན་པར་འགྱུར། ཅེས་ཞུས།

རྒྱལ་བོས་ལུང་བསྟན་དེ་གསན་རྗེས་སྔ་ས་ནས་རྒྱལ་བོ་ཁོ་རང་གི་ཆུ་བཏུང་སའི་ཁྲོན་པའི་ཁ་ལེགས་པར་གཡོགས་ནས་ཆར་ཐིགས་ཙམ་ཡང་ཁྲོན་པའི་ནང་དུ་མི་འཆོར་བར་བྱས། འབངས་རྣམས་ཀྱིས་དེ་འདྲ་བྱེད་མ་ནུས་པས་ཐམས་ཅད་ཀྱི་ཁ་ལ་ཆར་ཆུ་དེ་སོང་བས་སྨྱོན་པར་གྱུར་རོ།།

དེར་རྒྱལ་བོ་གཅིག་པུ་སེམས་རྣལ་དུ་གནས་ནས་བཞུགས། ཡུལ་མི་ཀུན་གྱི་བསམ་ཚུལ་དང་། བཤད་སྟངས། ལས་སྲོལ་བཅས་རྒྱལ་བོའི་བསམ་ཚུལ་དང་། བརྗོད་ཚུལ། ལས་སྟངས་སོགས་དང་མི་འདྲ་བར་གྱུར་བ་ལ་བརྟེན་ནས་ཚང་མས། ང་ཚོའི་རྒྱལ་བོ་དེ་སྨྱོན་པ་ཞིག་རེད། ཅེས་འཕྱ་དམོད་བཏང་ཞིང་རྒྱལ་སའང་ཤོར་ཉེན་གྱི་གནས་སུ་གྱར་བས། མཐར་རྒྱལ་བོ་འུ་ཐུག་ཐབས་ཟད་ནས་སྨྱོ་ཆར་འདྲེས་པའི་ཆུ་དེ་འཐུང་དགོས་ལ་ཐུག

དེ་ནས་བཟུང་། རྒྱལ་བོ་ཡང་ཆབ་འབངས་རྣམས་དང་འདྲ་བར་སྨྱོས་པས་བསམ་ཚུལ་དང་། བཤད་སྟངས་སོགས་ཀུན་དང་མཐུན་ཞིང་ཁ་འཆམ་པར་གྱུར། དེར་བརྟེན། འབངས་མི་རྣམས་ཀྱིས་རྒྱལ་བོའི་སྨྱོ་ནད་དྭངས་འདུག ཅེས་སྔར་བཞིན་དུ་བཀུར་རོ།།

 

སྒྲུང་ཐུང་འདི་ནི་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི{དབུ་མའི་ཟབ་གནད་སྙིང་བོར་དྲིལ་བའི་ལེགས་བཤད་ཀླུ་སྒྲུབ་དགོངས་རྒྱན}ལས་བཏུས་ཤིང་འཕྲི་སྣོན་ཅུང་ཙམ་བགྱིས་པའོ།།

 

ཀ་ཡིག་གི་རྣམ་ཤེས་སྲི་ཞུ་ཁང་གི་བསོད་ནམ་མགོན་པོས་བསྡུ་སྒྲིག་བྱས།

 

Topic: ༼སུ་ཞིག་སྨྱོན་པ་རེད་དམ།༽

No comments found.

New comment