ཁ་བཏགས་འཇོག་རེས།

06/01/2018 23:20

ཁ་བཏགས་འཇོག་རེས། 

རྩ་ཐང་སྟེང་དུ་བྱིས་པ་ཚོ་གོར་གོར་མེ་ལོང་གི་དབྱིབས་ལྟར་སྒྲིག་དགོས། བྱིས་པ་རེ་རེའི་དབར་ལ་བར་སྟོང་ཆུང་ཆུང་

རེ་བཞག་སྟེ་ཚང་མ་སར་སྡོད་དུ་འཇུག་དགོས། དེ་ནས་བྱིས་པ་གཅིག་གི་ལག་ཏུ་ཁ་བཏགས་གཅིག་བཟུང་སྟེ་གྲལ་

ཕྲེང་གི་ཕྱི་ལོག་ནས་གཡས་སྐོར་བྱེད་ཞོར་དུ་བྱིས་པ་གཅིག་གི་རྒྱབ་ལ་མི་མངོན་པ་བྱས་ཏེ་ཁ་བཏགས་འཕེན་དགོས། སྐབས་དེར་བྱིས་པ་གཞན་ཚང་མས་རྣམ་ཤེས་གཏད་ནས་བསྡད་ཡོད། ཁ་བཏགས་འཕང་བ་དང་མཉམ་དུ་ཤུགས་ཡོད

་ཚད་ཀྱིས་འབྲོ་དགོས། ཁ་བཏགས་འཕེན་སའི་བྱིས་པ་དེས་རང་གི་རྒྱབ་ལ་ཁ་བཏགས་བཞག་ཡོད་པ་ཤེས་ཚེ། དེ་མ་ཐག་

ཡར་ལངས་ཏེ་ཁ་བཏགས་འཇོག་མཁན་དེ་བདའ་དགོས། གལ་སྲིད་ཁ་བཏགས་འཇོག་མཁན་དེ་རང་ཉིད་སྡོད་སའི་གྲལ་

མཚམས་ལ་མ་བསླེབ་པའི་སྔོན་ལ་བཟུང་ན། ཁོ་རང་གྲལ་དཀྱིལ་ལ་སོང་སྟེ་གླུ་ལེན་དགོས། འབྲོ་མཁན་གྱི་བྱིས་པ་དེ་

འཛིན་མ་ཐུབ་པ་ཡིན་ན་བདའ་མཁན་དེ་གྲལ་དཀྱིལ་དུ་སོང་སྟེ་གླུ་ལེན་དགོས། གླུ་ལེན་ཤེས་ཀྱི་མེད་ན་ཞབས་

བྲོ་འཁྲབ་དགོས། ཞབས་བྲོ་འཁྲབ་ཤེས་ཀྱི་མེད་ན། གད་མོ་སློང་དགོས་པ་དཔེར་ན། མཚེར་བ། འབའ་བ། ངུར་བ།

ཟུག་པ། བོང་བུའི་སྐད། དེ་ཕོའི་སྐད་འདོན་པ་ལ་སོགས་པ་བྱས་ཏེ་གད་མོ་སློང་དགོས། 

རྩེད་མོ་འདི་ནི་དབྱར་ཀའི་རྩེད་མོ་ཞིག་རེད་ལ། བྱིས་པ་བཅོ་ལྔ་ཉི་ཤུས་མཉམ་དུ་གནམ་གཤིས་དྭངས་ཤིང་། ཉི་མའི་འོད་ཟེར་གྱི་འོག་ཏུ་ཁ་མདོག་སྣ་ཚོགས་ལྡན་པའི་མེ་ཏོག་གིས་གང་བའི་རྩ་ཐང་སྟེང་དུ་གོར་གོར་བྱས་ཏེ་རྩེ་

བཞིན་ཡོད། 

རྩེད་མོ་འདི་ལ་བྱིས་པ་མང་བོ་མཉམ་དུ་རྩེ་ཐུབ་པའི་ཁྱད་ཆོས་ཡོད་པ་དང་། ཁ་བཏགས་འཇོག་མཁན་གྱི་བྱིས་པ་

དེ་འབྲོ་དགོས་པ་དང་ཁ་བཏགས་འཇོག་སའི་བྱིས་པ་དེས་བདའ་དགོས་པས་འཕྲོད་བསྟེན་ལ་བཟང་། བྱིས་པ་ཚང་

མས་རྣམ་ཤེས་གཏད་དེ་བསྡད་ཡོད་སྟབས། དམིགས་པ་རྩེ་གཅིག་ལ་གནས་པ་དང་སེམས་གཞན་དུ་མི་གཡེང་བའི

་གོམས་གཤིས་བཟང་བོ་རྒྱུད་ལ་འཇགས་པར་ཕན། གྲལ་དཀྱིལ་དུ་གླུ་ལེན་པ་དང་བྲོ་འཁྲབ་པ་ནི་བྱིས་པའི་རང་མཐོང

་དང་གདེང་ཚོད། སྤོབས་པ་སོགས་ཆེ་རུ་འགྲོ་བར་ཕན་ཐོག་ཡོད།རྩེད་མོའི་བརྒྱུད་རིམ་ཆ་ཚང་གི་ནང་དུ་བྱིས་པ་ཚོའི་

སེམས་ལ་སྤྲོ་སྣང་དང་གད་མོ་དགོད་པ་དེས་བྱིས་པའི་སེམས་ཁམས་ཀྱི་འཕྲོད་བསྟེན་ལ་ཕན་པ་ཡོད། ལྷག་པར་དུ་མེ་ཏོག་གི་དྲི་བསུང་ནང་དུ་བྱིས་པ་ཚོའི་ཁམས་དྭངས་ཤིང་རིག་པ་གསལ་བ་ཡིན་ནོ།།