བྱ་མོ་དམར་པོ་ཆུང་ཆུང་།

02/02/2014 09:05

 

 

སྐབས་ཤིག་ན། བྱི་ལ་གཅིག ཁྱི་གཅིག བྱི་བ་གཅིག བྱ་མོ་དམར་པོ་ཆུང་ཆུང་གཅིག་བཅས་སེམས་ཅན་བཞི་མཉམ་དུ་ཁང་བ་ཞིག་གི་ནང་བསྡད་ཡོད་པ་རེད།

བྱི་ལ་དེ་ཉིན་གང་བོར་ནེམ་ཁྲིའུ་འཇམ་པོ་ཞིག་ཡོད་པ་དེའི་ནང་དུ་སྐྱིད་པོ་བྱས་ དེ་གཉིད་ནས་འདུག་པ་ལ་ཧ་ཅང་དགའ་བོ་ཡོད་པ་རེད། ཁྱི་དེའང་ཉིན་གང་བོར་ཉི་མ་ཤར་ཡོད་སའི་བར་ཁྱམས་ནང་དུ་སྐྱིད་པོ་བྱས་ནས་གཉིད་འདུག་པ་ལ་ཧ་ཅང་དགའ་བོ་ཡོད་པ་རེད། བྱི་བ་ཆུང་ཆུང་དེའང་ཁྱིམ་གྱི་ཐབ་ཀའི་མདུན་དུ་ཡོད་པའི་འདུག་སྟེགས་དྲོན་པོ་དེའི་ནང་དུ་གཉིད་ནས་འདུག་པ་ལ་ཧ་ཅང་དགའ་བོ་ཡོད་པ་རེད།

དེ་འདྲ་ཡིན་དུས། བྱ་མོ་དམར་པོ་ཆུང་ཆུང་དེས་ལས་ཀ་མང་བོ་བྱེད་དགོས་ཡོད་པ་རེད།དཔེར་ན། ཟ་མ་བཟོ་བ་དང་སྣོད་ཆས་འཁྲུད་པ། ཉལ་ཆས་ལྟེབ་བརྩེགས་རྒྱག་པ། གཙང་སྦྲ་བྱེད་པ། གད་རྒྱག་པ་སོགས་སྒོ་ཕྱི་ནང་གི་ལས་ཀ་མང་བོ་བྱེད་དགོས་པ་རེད།

ཉིན་ཞིག་བྱ་མོ་དམར་པོ་ཆུང་ཆུང་དེས་མེ་ཏོག་ལྡུམ་རའི་ནང་དུ་ལས་ཀ་བྱེད་བཞིན་ཡོད་དུས། གྲོའི་སོན་འབྲུ་ཁ་ཤས་རྙེད། དེ་ནས་མོས་སུ་ཞིག་གིས་གྲོའི་སོན་འབྲུ་འདི་ཚོ་འདེབས་ལས་བྱེད་ཐུབ་ཅེས་དྲིས། བྱི་ལ་ན་རེ། མིན། ངས་གྲོ་འདེབས་མི་ཐུབ་ཅེས་བཤད། ཁྱི་ན་རེ། མིན། མིན། ངས་ཀྱང་གྲོ་འདེབས་མི་ཐུབ་ཅེས་བཤད། བྱི་བ་ན་རེ། མིན། མིན། མིན། ངས་ཀྱང་གྲོ་འདེབས་མི་ཐུབ་ཅེས་བཤད། བྱ་མོ་དམར་པོ་ཆུང་ཆུང་དེས། ཁྱེད་ཚོ་ཚང་མས་གྲོ་འདེབས་མི་ཐུབ་ན། ངས་འདེབས་ཆོག་ཅེས་མོ་རང་གི་གྲོ་བཏབ་པ་དང་། དེ་ནས་མོས་ཉིན་རྟག་པར་གྲོའི་ས་བོན་ལ་ཆུ་བླུག་པ་དང་། རྩྭ་ལྡུམ་འཐུ་བ་སོགས་བྱས། དེ་ནས་དུས་ཡུན་རིང་བོ་མ་འགོར་བར། གྲོ་ཡག་པོ་སྐྱེས་ཏེ་། བཙས་མ་བརྔོ་རན་པ་ན།

ཡང་བྱ་མོ་དམར་པོ་ཆུང་ཆུང་དེས། ཁྱེད་ཚོ་སུ་ཞིག་གིས་བཙས་མ་བརྔོ་ཐུབ་ཅེས་དྲིས། བྱི་ལ་ན་རེ། མིན། ངས་བཙས་མ་བརྔོ་མི་ཐུབ་ཅེས་ཟེར། ཁྱི་ན་རེ། མིན། མིན། ངས་ཀྱང་བཙས་མ་བརྔོ་མི་ཐུབ་ཅེས་ཟེར། བྱི་བ་ན་རེ། མིན། མིན། མིན། ངས་ཀྱང་བཙས་མ་བརྔོ་མི་ཐུབ་ཅེས་བཤད། དེ་ནས་བྱ་མོ་དམར་པོ་ཆུང་ཆུང་དེས། ཡ་ཡ། དེ་ན་ངས་བཙས་མ་བརྔོ་ཆོག་ཅེས་མོ་རང་གིས་བཙས་མ་བརྔས་པ་རེད།

བཙས་མ་བརྔས་པ་དང་། བྱ་མོ་དམར་པོ་ཆུང་ཆུང་དེས། ད་གྲོ་ཞིབ་འཐག་དགོས་པས། སུ་ཞིག་གིས་འཐག་ཐུབ་བམ་ཞེས་དྲིས། བྱི་ལ་ན་རེ། མིན། ངས་གྲོ་ཞིབ་འཐག་མི་ཐུབ་ཅེས་ཟེར། ཁྱི་ན་རེ། མིན། མིན། ངས་ཀྱང་གྲོ་ཞིབ་འཐག་མི་ཐུབ་ཅེས་ཟེར། བྱི་བ་ན་རེ། མིན། མིན། མིན། ངས་ཀྱང་གྲོ་ཞིབ་འཐག་མི་ཐུབ་ཅེས་བཤད། དེ་ནས་བྱ་མོ་དམར་པོ་ཆུང་ཆུང་དེས། ཡ་ཡ། དེ་ན་ངས་གྲོ་ཕྱེ་འཐག་ཆོག་ཅེས་མོ་ རང་གིས་གྲོ་ཕྱེ་འཐག་པ་རེད།

བྱ་མོ་དམར་པོ་ཆུང་ཆུང་དེས་གྲོ་ཕྱེ་འཐག་ཚར་བ་དང་ཕྱེ་ཁུག་མ་གང་ཁུར་ནས་ཕྱིར་ནང་དུ་ཡོང་སྟེ། ད་སུ་ཞིག་གིས་བག་ལེབ་བཟོ་ཐུབ་ཅེས་དྲིས། བྱི་ལ་ན་རེ། མིན། ངས་བག་ལེབ་བཟོ་མི་ཐུབ་ཅེས་ཟེར། ཁྱི་ན་རེ། མིན། མིན། ངས་ཀྱང་བག་ལེབ་བཟོ་མི་ཐུབ་ཅེས་ཟེར། བྱི་བ་ན་རེ། མིན། མིན། མིན། ངས་ཀྱང་བག་ལེབ་བཟོ་མི་ཐུབ་ཅེས་བཤད། དེ་ནས་བྱ་མོ་དམར་པོ་ཆུང་ཆུང་དེས། ཡ་ཡ་ཡ། དེ་ན་ངས་བག་ལེབ་བཟོ་ཆོག་ ཅེས་ཤིང་དུམ་བསྒྲིགས་ཏེ་ཐབ་ལ་མེ་བཏང་། དེ་ནས་མོས་འོ་མ་དང་། ཕྱེ་མ་ཀ་ར། སྒོང་བ་དང་མར་བཅས་སྣོད་ཅིག་གི་ནང་བསྲེས་ཏེ་དཀྲུག་དཀྲུག་བྱས། དེ་ནས་སྣོད་གཞན་པ་ཞིག་གི་ནང་དུ་བླུག་ཏེ་བག་ལེག་སྲེག་པ་རེད།

དེ་ནས་དུས་ཡུན་རིང་བོ་མ་འགོར་བར། དྲི་མ་ཞིམ་པོ་ཞིག་ཐབ་ཚང་ནང་ནས་་ཕྱིར་འཐུལ་ཡོང་སྟེ། སྡོད་ཁང་ནང་ཡོངས་སུ་ཁྱབ་པ་རེད། དེ་ནས་བྱི་ལ་དེ་ནེམ་ཁྲིའུ་འཇམ་པོ་དེའི་ནང་ནས་མར་འཆོང་སྟེ། རྒྱུགས་ཐེངས་གཅིག་ལ་ཐབ་ཚང་ནང་རྒྱུག་པ་རེད། དེ་ནས་ཁྱི་དེའང་ཉི་མ་ཤར་ཡོད་སའི་བར་ཁྱམས་ནང་ནས་ཡར་ལངས་ཏེ་ཐབ་ཚང་ནང་དུ་རྒྱུག་ཡོང་བ་རེད། བྱི་བ་ཆུང་ཆུང་དེའང་ཁྱིམ་གྱི་མེ་ཐབ་མདུན་དུ་ཡོད་པའི་འདུག་སྟེགས་དྲོན་པོ་དེ་ལས་མར་མཆོང་སྟེ་ཐབ་ཚང་ནང་དུ་རྒྱུགས།

ཁོང་གསུམ་ཐབ་ཚང་དུ་སླེབས་དུས། བྱ་མོ་དམར་པོ་ཆུང་ཆུང་དེས་བག་ལེབ་ཧ་ཅང་ཡག་པོ་གཅིག་ཐབ་ཐོག་ནས་མར་ལེན་བཞིན་ཡོད་པ་དང་། མོས་བྱི་བ་ དང་། བྱི་ལ། ཁྱི་གསུམ་ལ་བལྟས་ཏེ། སུ་ཞིག་གིས་བག་ལེབ་ཟ་ཐུབ་ཅེས་དྲིས། བྱི་ལ་དང་ཁྱི། བྱི་བ་གསུམ་པོའི་ཁ་གང་མགྱོགས་བྱས་ཏེ། ངས་ཟ་ཐུབ། ངས་ཟ་ཐུབ། ངས་ཟ་ཐུབ་ཅེས་འཚང་ཀ་བྱས།

དེ་ནས་བྱ་མོ་དམར་པོ་ཆུང་ཆུང་དེ་དགོད་ཞོར་དུ། ང་རང་གཅིག་པོས་གྲོ་བཏབ་པ་ཡིན་ལ། ང་རང་གཅིག་པོས་བཙས་མ་བརྔས་པ་ཡིན། ང་རང་གཅིག་པོས་གྲོ་ཕྱེ་འཐག་པ་ཡིན། ང་རང་གཅིག་པོས་ཐབ་ལ་མེ་བཏང་བ་ཡིན། ང་རང་གཅིག་པོས་བག་ལེབ་བཟོས་པ་ཡིན། དེ་བས་བག་ལེབ་འདི་ང་རང་གཅིག་པོས་ཟ་རྒྱུ་ཡིན་ཞེས་བག་ལེབ་ཆ་ཚང་མོ་རང་གཅིག་པོས་ཟོས་པ་རེད། ཉིན་དེ་ནས་བཟུང་། བྱི་ལ་དང་། ཁྱི། བྱི་བ་གསུམ་པོ་ཉལ་ནས་མ་བསྡད་པར་བྱ་མོ་དམར་པོ་ཆུང་ཆུང་དེར་ལས་ཀ་ལས་རོགས་བྱས་ཏེ། མཉམ་ཟ་མཉམ་འཐུང་བྱས་ནས་བསྡད་པ་རེད།།

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག