འདྲེ་འདུལ་མཁན་པོ།

29/12/2016 10:31

འདྲེ་འདུལ་མཁན་པོ། 

གནའ་སྔ་མོར་བཀྲ་ཤིས་ལུང་པ་ཞེས་པའི་ས་ཆ་ཞིག་ན་རྒྱལ་བོ་ཞིག་ཡོད། རྒྱལ་བོ་དེ་ལ་སྲས་བདུན་ཡོད།  སྲས་བདུན་པོ་ནམ་རྒྱུན་ནགས་ཚལ་དུ་རི་དྭགས་བརྔོན་པར་འགྲོ་བཞིན་ཡོད་པ་རེད།

 

ཉིན་ཞིག་སྲས་བདུན་པོ་རི་དྭགས་བརྔོན་དུ་སོང་བ་ན།  ནགས་འདབས་ཤིག་ཏུ་བུ་མོ་གཡག་ཞོན་ཞིག་ལ་ཐུག་པ་དང་།  བུ་མོ་དེའི་མཛེས་སྡུག་གིས་སྲས་བདུན་ཀྱི་ཡིད་དབང་ཡོངས་སུ་འཕྲོག

 

དེ་ནས་སྲས་བདུན་གྱིས་བུ་མོ་དེར། “སྲས་མོ་ལགས། ང་ཚོ་ཡུལ་འདིའི་རྒྱལ་བོའི་སྲས་ཡིན། གལ་སྲིད་ཁྱེད་ལ་ཐུགས་འདོད་ཡོད་ན། ངེད་ཅག་གི་བཙུན་མོ་རུ་བསུ་འདོད་ཡོད”ཅེས་བཤད།   བུ་མོས་ཐེ་ཚོམ་མེད་པར་དོན་དེ་ཁས་བླངས། 

 

གཡག་ཞོན་པའི་བུ་མོ་དེ་ནི་བདུད་མོ་ཞིག་ཡིན་པ་དང་། མོས་བཞོན་པའི་གཡག་དེ་ནི་བདུད་རྒན་ཞིག་ཡིན་པ་རེད། དེ་ནས་སྲས་བདུན་པོས་བུ་མོ་དང་གཡག་རྒན་ཁྲིད་དེ་ཕོ་བྲང་དུ་ཕྱིན། 

 

གཉེན་སྟོན་གྱི་མཛད་སྒོ་བྱེད་སྐབས། གཡོག་པོ་རྣམས་ཀྱིས་བུ་མོས་ཁྲིད་ཡོང་བའི་གཡག་རྒན་བཤའ་རྩིས་བྱེད་སྐབས། གཡག་རྒན་གྱིས་མི་མང་པོར་རྡུང་ནས་རྨས་སྐྱོན་བཟོས། སྐབས་དེར་བཙུན་མོ་གསར་བ་བསླེབས་ཏེ་གཡག་རྒན་བཤའ་རུ་མ་བཅུག

 

བཙུན་མོ་ན་རེ། “གཡག་འདི་ངེད་ཚང་གི་ལྷ་གཡག་ཡིན། གལ་སྲིད་གཡག་ལ་གནོད་པ་སྐྱེལ་ན་གཞི་བདག་མི་དགའ། ད་ནས་བཟུང་གཡག་དེ་ཕོ་བྲང་གི་རྭ་བའི་ནང་གི་གཞི་བདག་ལྷ་ཁང་དུ་བཏགས་ཏེ་ཟ་མ་ཡག་པོ་སྤྲོད་དགོས”ཞེས་མངགས། 

 

དེ་ནས་གཟའ་འཁོར་རེ་རེའི་ནང་དུ་བུ་མོ་དེ་གཞི་བདག་ལྷ་ཁང་དུ་སོང་སྟེ། གཡག་རྒན་དང་ལྷན་དུ་སྲས་བདུན་པོ་གསོད་ཐབས་ལ་གྲོས་མོལ་བྱེད་ཀྱི་ཡོད་པ་དང་། ལོ་རེ་རེའི་ནང་དུ་སྲས་རེ་རེ་གསོད་རྒྱུ་ཐག་བཅད།  

 

དེ་ནས་སྲས་རེ་རེ་ལ་ནད་ཕོག་ནས་སྲས་དྲུག་གྲོངས་སོང་བའི་སྐབས། ཡུལ་མི་རྣམས་འདུས་ཏེ་སྲས་རྣམས་གྲོངས་པའི་རྐྱེན་རྩ་འཚོལ་ཕྱིར། ལྷ་དང་བླ་མར་ལུང་བསྟན་ཞུ་རུ་འགྲོ་བར་ཐག་བཅད། 

 

དེ་ནས་ཡུལ་མི་རྣམས་ཕྱོགས་སོར་སོར་ལུང་བསྟན་ཞུ་རུ་སོང་།  ལུང་བ་ཞིག་ཏུ་སྐད་གྲགས་ཆེ་བའི་ལུང་བསྟན་མཁན་པོ་ཞིག་ཡོད་ས་དེར་སོང་སྟེ་སྲས་དྲུག་གྲོངས་སོང་བ་དང་། སྲས་གཅིག་ལྷག་པ་དེ་སྐྱོབ་ཐབས་ཡོད་མེད་ཀྱི་ལུང་བསྟན་ཞུས། 

 

ལུང་བསྟན་མཁན་པོ་ནི་དོན་ངོ་མར་མགོ་གཡོག་མགོ་སྐོར་ལ་བརྟེན་ནས་ཁ་གསོ་ཐབས་བྱེད་མཁན་ཞིག་ཡིན་པ་ལས་ཅི་ཡང་ཤེས་མཁན་ཞིག་མ་རེད། ཁོས་མིག་བཙུམ་ནས་ཡུན་རིང་བསྡད་མཐར། ང་འདྲེ་འདུལ་མཁན་པོ་ཡིན། སང་ཉིན་ཤོག  དོ་ནུབ་ངས་རྨི་ལམ་བརྟག་དགོས་ཞེས་བཤད། 

 

ནུབ་མོ་དེར་ལུང་བསྟན་མཁན་པོ་ཕྱིར་རང་ཁྱིམ་ལ་སོང་སྟེ། རང་གི་ཆུང་མ་ལ་གནས་ཚུལ་ཆ་ཚང་བཤད་ནས་གང་དགའ་ཅི་ལེགས་ཀྱི་བློ་དྲིས། བུད་མེད་དེས་བཤད་རྒྱུར། “ད་བར་དུ་ཁྱོད་ཀྱིས་མི་ལ་མགོ་གཡོག་མགོ་སྐོར་བྱས་ཏེ་ལམ་འགྲོ་མང་པོ་སོང་སྟབས། ད་ཐེངས་ཡང་ཁྱོད་ལ་ལམ་འགྲོ་ཡོང་བར་ཡིད་ཆེས་ཡོད”ཅེས་བཤད། 

 

ཕྱི་ཉིན་གདེང་ཚོད་གང་ཡང་མེད་པར་རལ་གྲི་ཞིག་ཡོད་པ་དེ་སྐེད་པར་དྲངས་ཏེ། ཡུལ་མི་རྣམས་དང་ལྷན་དུ་རྒྱལ་བོའི་ཕོ་བྲང་དུ་སོང་། ཡུལ་དེའི་མི་སེར་ཚོས་འདྲེ་འདུལ་མཁན་པོ་ཞིག་ཕེབས་ཀྱི་ཡོད་པ་ཐོས་ཏེ། ཕོ་བྲང་ཕྱི་རིམ་དང་ནང་རིམ་བྱས་ནས་མཐའ་བསྐོར། 

 

འདྲེ་འདུལ་མཁན་པོས་རྟ་དཀར་པོ་ཞིག་ཞོན། ཚར་ཞྭ་དཀར་པོ་ཞིག་གྱོན། ཕྲེང་བ་དཀར་པོ་ཞིག་རྐེ་ལ་བསྐོན། ལག་གཡོན་པས་གདུགས་མཛུབ་དང་གཡས་པས་རལ་གྲི་གནམ་ལ་འཕྱར། ཁ་ནས་ཕཊ་ཕཊ་ཅེས་སྒྲ་སྒྲོག་བཞིན་ཕེབས་པ་ན། མི་མང་གིས་མགོ་སྒུར། ཞྭ་ཕུད། ལག་ཟུང་ཐལ་མོ་སྦྱར། ངག་ནས་འདྲེ་འདུལ་མཁན་པོ་མཁྱེན་ཞེས་སྒྲོག

 

ཕོ་བྲང་གི་སྒོ་ཁར་བསླེབས་དུས།  འདྲེ་འདུལ་མཁན་པོ་རྟ་ཐོག་ནས་མར་ལྡང་།  རལ་གྲི་གནམ་ལ་འཕྱར། རྒྱུགས་ཐེངས་གཅིག་གིས་ཕོ་བྲང་ནང་ལོག་ལ་རྒྱུགས། ཅི་དྲན་འདི་དྲན་མེད་པར་སྐད་གསེང་མཐོན་པོས་འདྲེ་འདྲེ་མོ་གཉིས་ལ་ཐར་ས་མེད་ཅེས་སྐད་བརྒྱབ་ནས་ཕོ་བྲང་གི་རྭ་བའི་ནང་དུ་ཕར་རྒྱུགས་ཚུར་རྒྱུགས་བྱས།

 

སྐབས་དེར་ཕོ་བྲང་རྭ་བའི་ནང་གི་གཞི་བདག་ལྷ་ཁང་དུ་བཏགས་པའི་གཡག་རྒན་སྐྲག་སྟེ་འདར་སུག་བརྒྱབ་པ་དང་། སེམས་ལ་ད་འགྲིག་མ་སོང་བསམ་ནས་འདྲེ་གཟུགས་བསྟན། འདྲེ་དེ་ནི་མགོ་གསུམ། མིག་དགུ། ར་གཉིས། ལག་པ་དྲུག་ཡོད་པ་འཇིགས་སུ་རུང་བ་ཞིག་ཡིན་པ་རེད། 

 

འདྲེ་འདུལ་མཁན་པོས་འདྲེ་དེ་མཐོང་བ་དང་སྐྲག་ཐག་ཆོད་དེ་འབྲོ་གྲབས་བྱེད་སྐབས། མི་མང་གིས་སོད་སོད་རྒྱོབ་རྒྱོབ་གྱིས་རྡོ་དང་དབྱུག་པའི་ཆར་བབས་ཏེ་འདྲེ་རྒན་དེ་མ་ཐག་བསད།  སྐབས་དེར་རྒྱང་མཐོང་ཁ་ནས་མར་བལྟས་ནས་ཡོད་པའི་བཙུན་མོས་མ་བཟོད་པར་འདྲེ་གཟུགས་བསྟན། མོ་ནི་མིག་གཅིག་ལས་མེད་པའི་འདྲེ་མོ་ལྕགས་མཆུ་ཅན་ཞིག་ཡིན་པ་རེད། 

 

སྐབས་དེར་འདྲེ་འདུལ་མཁན་པོས་མི་མང་གི་དཔུང་རོགས་ཡོད་པ་ཤེས་ཏེ། རལ་གྲི་གནམ་ལ་འཕྱར་ནས།འདྲེ་མོ་དེ་ཕོ་བྲང་གི་རྭ་བའི་ནང་དུ་ཡར་བདའ་མར་བདའ་བྱས།  མི་མང་གིས་སོད་སོད་རྒྱོབ་རྒྱོབ་གྱིས་ཀི་བཏབས། འདྲེ་མོ་ལྕགས་མཆུ་ཅན་དེ་འཇིགས་ཤིང་སྐྲག་ནས་མར་ས་ལ་དགྱེལ། སྐབས་དེར་འདྲེ་འདུལ་མཁན་པོས་རལ་གྲི་གཡུག་ཐེངས་གཅིག་གིས་འདྲེ་མོའི་ཐོད་པའི་མིག་དེར་བསྣུན་ཏེ་བསད། 

 

དུས་དེ་ནས་འདྲེ་འདུལ་མཁན་པོའི་མཚན་སྙན་ཡུལ་དེར་གྲགས། མི་སེར་སྟོང་ཕྲག་མང་པོས་དད་པ་བྱེད་ཡུལ་དུ་གྱུར་བ་དང་།  རྩ་ཆེ་བའི་ཁྱིམ་རྒྱུད་ནོར་བུ་དང་རིན་པོ་ཆེའི་རིགས་མང་པོ་ཁོར་མཇལ་རྟེན་དུ་ཕུལ།  ཡུལ་དེའི་རྒྱལ་སྲས་ཀྱིས་རང་གི་སྲོག་བསྐྱབས་པའི་དྲིན་ལན་འཇལ་ཕྱིར་ཁོ་དབུ་བླ་རུ་བཀུར། 

 

དེ་ནས་འདྲེ་འདུལ་མཁན་པོ་རྒྱལ་བོའི་དབུ

བླར་བསྡད་པ་དང་ཟས་གང་ཞིམ་ཟོས། གོས་གང་ཡག་གྱོན། རྟ་གང་བཟང་ཞོན་ཏེ། ཟས་རང་འགྲུབ་དང་གོས་རང་འགྲུབ་གྱི་འཚོ་བ་ལ་རོལ་ནས་རེ་ཞིག་ཧ་ཅང་སྐྱིད་པའི་སྣང་བ་བྱུང་། ཡིན་ནའང་ལོ་ཁ་ཤས་འགོར་བ་ན། སྐྱིད་སྣང་ཡལ་ཏེ་སྔོན་རང་གི་རྫུན་གྱི་སྡུག་ལས་བྱས་བ་དེ་དག་སེམས་ལ་ཡང་ཡང་དྲན་ནས་ཕོ་བྲང་ནང་གི་འཚོ་བར་ཡང་སུན་སྣང་སྐྱེས།

 

དེ་ནས་ཁོའི་སེམས་ལ་འདྲེ་རྒན་འདུལ་མཁན་ངོ་མ་དེ་མི་སེར་ཚོ་རེད། མི་སེར་ཚོའི་དཔུང་རོགས་མེད་ན་ང་བྲོས་ཀྱང་སྲོག་ཐར་ཐུབ་མེད་བསམ་པ་དང་། ངས་རྒྱལ་བོ་དང་མི་མང་ལ་སྐྱག་རྫུན་བཤད་ནས་མགོ་བསྐོར་བཏང་སྟེ་རྒྱུ་ནོར་བླངས་པ་ནི་འགྲིག་མ་སོང་བསམ་ནས་གནོང་འགྱོད་སྐྱེས་ཤིང་སེམས་ཧ་ཅང་སྐྱིད་པོ་མེད་པར་བསྡད།

 

དེ་ནས་ཡང་ལོ་རེའི་འདྲེ་འདུལ་དུས་ཆེན་འཚོགས་པའི་སྐབས་ལ་འཁེལ་བས་ན།འདྲེ་འདུལ་མཁན་པོས་རང་གི་རྒྱུ་ནོར་ཡོད་ཚད་མི་སེར་ཚོར་བགོ་བྱ་བྱས་ཏེ། "རྒྱུ་ནོར་འདི་དག་ངས་སྐྱག་རྫུན་བཤད་དེ་ཁྱེད་ཚོའི་ལག་ནས་བླངས་པ་ཡིན། ཞེས་ལབ་པ་ན། རྒྱལ་བོ་དང་མི་སེར་ཚང་མ་ཧང་སང་བ་དང་། རེ་ཞིག་གཅིག་གིས་གཅིག་ལ་མིག་ཟུང་ཅེ་རེར་ཁུ་སིམ་མེར་བསྡད།

 

དེ་ནས་ཡང་ཁོས་མུ་མཐུད་དུ་ན་རེ། "དྲང་མོ་བཤད་ན་ང་ལ་འདྲེ་འདུལ་བའི་ནུས་པ་གང་ཡང་མེད། ཉིན་དེར་ཁྱེད་ཚོས་འདྲེ་རྒན་དེ་བསད་མེད་ན། ང་བྲོས་ནས་ཞབས་འདྲེན་ཞུས་ཡོད" ཅེས་སྔོན་གྱི་ལོ་རྒྱུས་རྣམས་ཚང་མར་དྲང་མོར་བཤད་རྗེས།རྒྱལ་སྲས་ཀྱི་མདུན་དུ་སོང་ནས་མགོ་སྒུར་ཏེ། "རྒྱལ་བོ་ལགས། ང་ལ་ཉེས་ཆད་གཅོད་རོགས་ཞུ། ཞེས་ཞུ་བ་བྱས།

 

རྒྱལ་སྲས་ད་དུང་ཧང་སང་ནས་ཅི་བྱེད་འདི་བྱེད་མེད་པའི་དུས་སུ། དེར་འཛོམས་པའི་མི་སེར་ཚང་མས་ལག་པ་རྡེབ་ཞོར་མཉམ་དུ་ "མི་སུས་ཀྱང་ནོར་འཁྲུལ་བཟོ་སྲིད་ཀྱང་།རང་སྐྱོན་ངེས་ལེན་གྱིས་དྲང་མོ་བྱེད་པ་གསེར་ལས་དཀོན་པས།མི་དྲང་མོ་ལ་ཆད་པ་མ་གཅོད་རོགས" ཞེས་སྐད་བརྒྱབ། དེ་ནས་རྒྱལ་སྲས་ཡར་བཞེངས་ཏེ།  "ཉི་མ་དེ་རིང་ནས་བཟུང་འདྲེ་འདུ་མཁན་པོ་བདག་གི་བློན་ཆེན་དུ་བསྐོས་པ་ཡིན" ཞེས་བསྒྲགས་སོ།

 

དུས་དེ་ནས་བཟུང་འདྲེ་འདུལ་མཁན་པོས་ནུས་པ་ཡོད་ཚད་བཏོན་ཏེ་རྒྱལ་བོ་ལ་རྒྱལ་སྲིད་སྐྱོང་རོགས་བྱས། འབངས་མི་སེར་གྱི་འཚོ་བ་ལོ་རེ་ནས་ལོ་རེ་བཞིན་ཇེ་བཟང་ནས་ཇེ་ལེགས་སུ་ཕྱིན།ཡུལ་མི་ཐམས་ཅད་ཀྱིས "འདྲེ་འདུལ་བློན་ཆེན་གྱི་བཀའ་དྲིན་ལ་ཡུལ་ཁམས་འདིར་ནད་མུག་འཁྲུག་རྩོད་མེད་པར་བདེ་སྐྱིད་ཀྱི་དཔལ་ལ་རོལ་རྒྱུ་བྱུང་"ཅེས་རྒྱུན་དུ་བསྟོད་པའི་མཐེ་བོང་བསྒྲེངས་སོ།།

 

ལྕགས་མོ་འཚོས་ལེགས་བཅོས་བྱས།