གྲོགས་པོའི་དམ་ཚིག

15/12/2015 12:55

དེ་སྔོན་ནགས་ཚལ་ཞིག་ཏུ་ཤ་བ་གཅིག་དང་ཁྭ་ཏ་གཅིག ཙི་ཙི་གཅིག་བཅས་གྲོགས་པོ་གསུམ་མཉམ་དུ་འཚོ་བ་རོལ་བཞིན་ཡོད་པ་རེད། ཁོང་ཚོས་ཟས་ཁམ་གང་ཡོད་ན་མཉམ་ཟ་དང་། ཆུ་ཧུབ་གང་ཡོད་ན་མཉམ་འཐུང་བྱས་ཏེ་གནས་ཡོད། 

ཉིན་ཞིག་ལ་རུས་སྦལ་ཞིག་ཁོང་ཚོའི་གམ་དུ་ཡོང་སྟེ། རྣམ་པ་ཚོ་ཁམས་བཟང་། ང་ལ་རྣམ་པ་ཚོ་དང་གྲོགས་པོ་ཡག་པོ་ཞིག་སྒྲིག་འདོད་ཡོད་པས། རྣམ་པ་ཚོས་དང་ལེན་གནང་རོགས་ཞེས་བཤད། ཁྭ་ཏས་བཤད་རྒྱུར། ང་ཚོ་དང་གྲོགས་པོ་སྒྲིག་འདོད་ན། ཡིན་དང་ཡིན། ངས་དགའ་བསུ་བྱེད།  ཡིན་ན་ཡང་། ནགས་ཚལ་འདིའི་ནང་དུ་རྔོན་པ་མང་བོ་ཡོད་པས། ཁྱེད་ཀྱི་བདེ་འཇགས་ལ་ཇི་ལྟར་སྲུང་སྐྱོབ་བྱེད་ཅེས་དྲིས། རུས་སྦལ་ན་རེ། རྒྱུ་མཚན་དེ་ལ་བརྟེན་ཏེ། ངས་ཁྱེད་ཚོ་དང་ལྷན་དུ་གྲོགས་སྒྲིག་ནས་འཚོ་ཐབས་བཙལ་ཆེད་ཡིན་ཞེས་ལན་བཏབ།  

སྐབས་དེར། རྔོན་པ་ཞིག་དེར་ཐོན། དེ་མ་ཐག་ཤ་བ་དེ་རྒྱུགས་ཤར་གློད་དེ་བྲོས། དེ་ནས་ཁྭ་ཏ་ཡར་བར་སྣང་ལ་འཕུར། ཙི་ཙི་མར་ཁུང་བའི་ནང་དུ་འཛུལ། རུས་སྦལ་གོག་མ་ནུར་གྱིས་ཕར་རྩྭ་གསེབ་ཏུ་འཛུལ་རྩིས་བྱས་ནའང་། འཛུལ་མ་ཐུབ་པར་རྔོན་པ་ལག་ཏུ་ཤོར། རྔོན་པ་དེས་རུས་སྦལ་ཁུག་མ་ཞིག་གི་ནང་དུ་བཅུག་ནས་རྒྱབ་ཏུ་ཁུར།  ཤ་བ་ཤོར་སོང་བས་འགྱོད་སེམས་སྐྱེས།རུས་སྦལ་རྔོན་པའི་ལག་ཏུ་ཤོར་པས། ཤ་བ་དང་ཁྭ་ཏ་ཙི་ཙི་གསུམ་གྱིས་རུས་སྦལ་སྐྱོབ་ཐབས་ལ་གྲོས་མོལ་བྱས་ཏེ་འཆར་གཞི་ལེགས་པར་བཏང་། 

 

དེ་ནས་ཁྭ་ཏ་ཡར་གནམ་ལ་འཕུར་ཏེ་བར་སྣང་ནས་མར་བལྟས་པ་ན། རྔོན་པས་རུས་སྦལ་ཁུར་ཏེ། ཆུ་འགྲམ་ཞིག་ལ་འགྲོ་བཞིན་པ་མཐོང་། དེ་ནས་ཤ་བ་རྔོན་པའི་འགྲོ་ལམ་དུ་སོང་སྟེ་ཤི་ཁུལ་གྱིས་ཉལ་ནས་བསྡད། རྔོན་པས་རྒྱང་རིང་བོ་ནས་ཤ་བ་དེ་མཐོང་བ་ན། ཧ་ཅང་དགའ་སྟེ་སེམས་ལ། དེ་རིང་རང་ལ་ལམ་འགྲོ་འདུག་བསམ་སྟེ། རུས་སྦལ་མར་ས་ལ་གཡུགས་རྗེས་ཤ་བ་འཛིན་དུ་རྒྱུགས། འཆར་གཞི་ལྟར། སྐབས་དེར་ཙི་ཙི་རྒྱུགས་ཏེ་རུས་སྦལ་འཇུག་སའི་སྣོད་ཀྱི་ཁུག་མ་དེ་ལ་སོ་བཏབ་ནས་རུས་སྦལ་བསྐྱབས་པ་དང་། རུས་སྦལ་ཡང་མགྱོགས་པོར་ཆུ་ནང་དུ་མཆོངས་ནས་ཡིབ་བསྡད་པ་རེད། རྔོན་པའི་སེམས་ལ། དོ་ནུབ་ཤ་བའི་ཤ་བཙོས་ཏེ་ཞིམ་པོ་ཞིག་ཟ།སང་ཉིན་ཤ་བའི་པགས་པ་བཙོང་བར་ཁྲོམ་ལ་འགྲོ་དགོས་པ་ལ་སོགས་པའི་འཆར་གཞི་མང་པོ་གྲ་སྒྲིག་བྱས། ཡིན་ནའང་། རྔོན་པ་ཤ་བའི་འགྲམ་དུ་སླེབས་ལ་ཉེ་བ་ན། ཤ་བ་མཆོང་ཐེངས་གཅིག་གིས་ཕར་ནགས་གསེབ་ཏུ་རྒྱུག་སོང་བས་རྗེས་མ་ཆོད།

 

དེ་ནས་རྔོན་པའི་སེམས་སྐྱོ་སྟེ་ཕྱིར་རུས་སྦལ་དེ་ལེན་དུ་སོང་ནའང་། ཁུག་མ་སྟོང་བ་དེ་མ་གཏོགས་རུས་སྦལ་མཐོང་སར་མེད་པར་གྱུར། རྔོན་པ་དེས་རང་གི་མིག་འཁྲུལ་བ་མིན་ནམ་བསམ་པ་དང་། རེ་ཞིག་ཧད་དེ་ལུས། དེ་ནས་ཡང་སེམས་ལ། གནས་ཚུལ་འདི་ནི་སྤྱིར་བཏང་ཞིག་མ་རེད་བསམ་པ་དང་། སེམས་ལ་ཞེད་སྣང་སྐྱེས་ཏེ་ནགས་གསེབ་དེ་ལས་ཕྱིར་རང་ཁྱིམ་ལ་བྲོས།

 

རྔོན་པས་གནས་ཚུལ་དེ་རང་གི་ཆུང་མར་བཤད། ཆུང་མས་ཁྱིམ་མཚེས་ལ་བཤད་དེ། གནས་ཚུལ་དེ་མི་ཁ་གཅིག་ནས་གཉིས་བརྒྱུད་དེ་ཡུལ་ཕྱོགས་དེར་ཡོངས་སུ་ཁྱབ། དུས་དེ་ནས་བཟུང་ནགས་གསེབ་དེར་རྔོན་པ་གཅིག་ཀྱང་འགྲོ་མ་ཕོད་པར། ནགས་གསེབ་དེ་འཚེ་མེད་ཞི་བའི་ལྟི་གནས་ཤིག་ཏུ་གྱུར་ཏེ། གཅན་གཟན་དང་རི་དྭགས་རྣམས་བདེ་ཞིང་སྐྱིད་པར་གནས་སོ།།

 

ཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: རུས་སྦལ་སྐྱབས་པའི་སྒྲུང་།

No comments found.

New comment