ཁྱིམ་མཚེས།

12/07/2016 13:40

སྔོན་ཆད་སྡེ་བ་ཞིག་ཏུ་ཁྱིམ་ཚང་ཕྱུག་པོ་ཞིག་དང་ཁྱིམ་ཚང་དབུལ་བོ་ཞིག་ཡོད། ཁྱིམ་ཚང་ཕྱུག་པོ་ཚང་གི་ཕ་རྒན་གྱིས་ནམ་རྒྱུན་མི་རྒྱུ་ཆེན་དང་དབང་ཆེན་རྣམས་ལ་གུས་ཞབས་བྱེད་པ་ལས། མི་རྒྱུ་མེད་དང་དབང་ཆུང་རྣམས་མིག་ནང་དུ་མི་འཇོག
 

ཁྱིམ་ཚང་དབུལ་བོ་ཚང་གི་ཕ་རྒན་དེའི་སེམས་ལ་ཁྱིམ་ཚང་ཕྱུག་པོ་ཚང་གི་ཕ་རྒན་གྱི་བྱ་སྤྱོད་བློར་མ་བབས་པར། ཁྱིམ་ཚང་ཕྱུག་པོ་ཚང་གི་ཕ་རྒན་ལ་བསམ་ཞིག་ཤེས་སུ་འཇུག་དགོས་སྙམ་སྟེ་བསམ་བློ་བཏང་ནས་བསྡད།


ཁྱིམ་ཚང་དེ་གཉིས་ཁྱིམ་མཚེས་ཡིན་པ་མ་ཟད། ཁྱིམ་ཚང་སོ་སོར་བུ་ཆུང་སྙིང་རྗེ་བོ་རེ་ཡོད། བུ་ཆུང་གཉིས་ཧ་ཅང་འཆམ་པོ་ཡོད་པས།  ཁོང་གཉིས་ཀྱིས་ཉིན་ལྟར་ཟས་མཉམ་དུ་ཟ་བ་དང་རྩེད་མོ་མཉམ་དུ་རྩེད་བཞིན་ཡོད་པ་རེད།


ཁྱིམ་ཚང་དབུལ་བོ་ཚང་གི་ཕ་རྒན་དེའི་སེམས་ལ་ཁྱིམ་ཚང་ཕྱུག་པོ་ཚང་གི་བུ་ཆུང་དེར་གནོད་ཞིག་བསྐྱལ་བ་ཡིན་ན། ཁྱིམ་ཚང་ཕྱུག་པོ་ཚང་གི་ཕ་རྒན་གྱིས་བསམ་ཤེས་ཐུབ་པར་ཡིད་ཆེས་བྱས།


དེ་ནས་ཁྱིམ་ཚང་དབུལ་བོ་ཚང་གི་ཨ་ཕ་དེ་བྱིས་པ་གཉིས་ཀྱི་རྩེད་མོ་རྩེད་སར་སོང་ནས། ཉིན་ལྟར་ཁོང་གཉིས་ལ་བརྔན་པ་རེ་སྤྲད་པ་དང་།  ཉིན་ཞིག་ཁོས་བག་ལེབ་ཆེ་ཆུང་གཉིས་བཟོས་ཏེ་བག་ལེབ་ཆེ་བ་དེའི་ནང་དུག་བཏབ།


ཕྱི་ཉིན་བྱིས་པ་གཉིས་གྱིས་མཉམ་དུ་རྩེད་མོ་རྩེ་བཞིན་ཡོད་སྐབས། ཁྱིམ་ཚང་དབུལ་བོ་ཚང་གི་ཕ་རྒན་གྱིས་བྱིས་པ་གཉིས་ལ། "ཡ་བྱིས་པ་གཉིས་བརྔན་པ་ལེན་དུ་ཤོག"ཅེས་སྐད་བཏང་། དེ་ནས་དུག་བཏབ་ཡོད་པའི་བག་ལེབ་ཆེ་བ་དེ་ཁྱིམ་ཚང་ཕྱུག་པོ་ཚང་གི་བུ་ཆུང་ལ་སྤྲད་པ་དང་།  དུག་མེད་པའི་བག་ལེབ་ཆུང་བ་དེ་རང་གི་བུ་ལ་སྤྲད་དེ། "ཡ་གཅེས་ཕྲུག་གཉིས། བག་ལེབ་འདི་ཞིམ་ཟ་བྱོས་ཨ" ཞེས་བཤད།


བྱིས་པ་གཉིས་འཆམ་པོ་ཡོད་པར་བརྟེན། ཟས་ག་རེ་ཡོད་ན་མཉམ་ཟ་བྱེད་ཀྱི་ཡོད་པས། ཁོང་གཉིས་ཀྱིས་དང་པོར་བག་ལེབ་ཆུང་བ་དེ་བགོས་ནས་ཟོས།  དེ་ནས་བག་ལེབ་ཆེ་བ་དེ་མཉམ་ཟ་བྱས། བག་ལེབ་ཆེ་བ་དེའི་ནང་དུ་དུག་ཡོད་པས་བྱིས་པ་གཉིས་དེ་མ་ཐག་མར་ས་ལ་འགྱེལ།

བྱིས་པ་གཉིས་ས་ལ་འགྱེལ་ཡོད་པའི་གནས་ཚུལ་དེ། ཁྱིམ་མཚེས་རྣམས་ཀྱིས་མཐོང་ནས། "སྲོག་སྐྱོབས་ཤིག་" སྲོག་སྐྱོབ་རོགས་ཞེས་སྐད་ཅོར་རྒྱག་ཞོར་དུ་བྱིས་པ་གཉིས་སྨན་ཁང་ལ་བསྐྱལ་ནས་སོང་།


བྱིས་པ་གཉིས་སྨན་ཁང་དུ་ཡོད་པའི་དུས་སྐབས་སུ་ཉིན་ལྟར་རོགས་རམ་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་རྣམས་ནི་ནམ་རྒྱུན་ཁྱིམ་ཚང་ཕྱུག་པོ་ཚང་གི་ཨ་ཕ་དེས་གུས་ཞབས་བྱེད་ཡུལ་གྱི་མི་རྒྱུ་ཆེན་དང་དབང་ཆེན་དེ་ཚོ་མ་ཡིན་པར། ཁོའི་མིག་ནང་དུ་འཇོག་མ་མྱོང་བའི་ཁྱིམ་མཚེས་ཉམ་ཆུང་དེ་ཚོ་རེད།

ཁྱིམ་ཚང་ཕྱུག་པོ་ཚང་གི་ཕ་རྒན་གྱི་སེམས་ལ་ཉིན་དེ་ནས་བཟུང་ཁྱིམ་མཚེས་རྣམས་ནི། ཁེ་ཕན་གྱི་ཆེད་དུ་འཚོ་བཞིན་པའི་མི་རྒྱུ་ཆེན་དང་དབང་ཆེན་ཚོ་དང་མི་འདྲ་བར། ལྷག་བསམ་རྣམ་དག་ཡིན་པ་ཤེས་རྟོགས་བྱུང་བ་དང་། དེ་ནས་བཟུང་རང་གི་ཀུན་སྤྱོད་ལ་འགྱུར་བ་བཏང་སྟེ། ཁྱིམ་མཚེས་རྣམས་དང་མཉམ་དུ་སྐྱིད་སྡུག་ཉམས་མྱོང་བྱས་པ་རེད།


ཁྱིམ་ཚང་དབུལ་བོ་ཚང་གི་ཕ་རྒན་གྱི་སེམས་ལ། འདི་འདྲའི་བྱིས་པ་ཆུང་ཆུང་གཉིས་ལ། ཟས་ཁམ་གང་རེག་ནའང་མཉམ་བགོ་དང་མཉམ་ཟ་བྱེད་པའི་གཤིས་ཀ་བཟང་བོ་དེ་འདྲ་ཡོད་ན། ང་ཇི་འདྲའི་མི་ངན་ཞིག་རེད་བསམ་ནས་སྔར་བྱས་ལ་འགྱོད་པ་དང་ཕྱིན་ཆད་དོན་ངན་དེ་རིགས་མི་བསྒྲུབ་པའི་དམ་བཅའ་བཞག  དུས་དེ་ནས་བཟུང་ཁྱིམ་ཚང་ཕྱུག་པོ་ཚང་གི་ཕ་རྒན་དང་། ཁྱིམ་ཚང་དབུལ་བོ་ཚང་གི་ཕ་རྒན་གཉིས་མི་ཚེ་ལྷོད་ལྷོད་དང་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་བྱུང་ངོ་།།

 
མཁས་གྲུབ་གྱིས་བསྡུ་སྒྲིག་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།
 
གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བ྄ེད་མི་ཆོག
 

 

 

Topic: ལས་འབྲས་ངན་པ

No comments found.

New comment