ལས་རྒྱུ་འབྲས།

05/09/2016 09:08
གནའ་སྔ་མོ་ཞིག་ལ། དྲེད་མོང་ཞིག་ཀོ་བས་བཏུམས་ཏེ་ཟམ་པ་ཞིག་གི་འོག་ལ་བཏགས་ནས་བཞག་ཡོད་པ་རེད།  དྲེད་མོང་གིས་ལམ་འགྲོ་བ་རྣམས་ལ། སྲོག་སྐྱོབས་རོགས། ངའི་སྲོག་སྐྱོབས་རོགས་ཞེས་ཞུ་བ་འཐེན་གྱིན་བསྡད་པ་རེད། 
ཉིན་ཞིག་མི་ཞིག་ཟམ་པ་དེ་བརྒྱུད་ནས་འགྲོ་དུས། ང་སྐྱོབས་རོགས་ཞེས་གཞན་ཞིག་གིས་སྐད་རྒྱག་བཞིན་ཡོད་པ་ཐོས་བས་མི་དེ་ཟམ་པའི་འོག་ལ་བལྟ་རུ་འགྲོ་སྐབས། ཀོ་ཐུམ་ཞིག་ཟམ་འོག་ཏུ་བཏགས་ཡོད་པ་རེད།  
ཁོས་ཁྱོད་སུ་ཡིན་ཞེས་དྲིས། དྲེད་མོང་གིས་སྐུ་ཞབས་ང་ཡིན། ཁྱེད་ཀྱིས་ངའི་སྲོག་སྐྱོབས་རོགས་ཤེས་ཞུ་བ་འཐེན་པས་ཁོས་ཀོ་ཐུམ་དེའི་ཁ་ཕྱེས་དུས་དྲེད་མོང་ཞིག་ཀོ་ཐུམ་ནང་ནས་ཕྱིར་ཐོན་ནས་ཁ་གདེང་ཞོར་དུ་ངའི་དྲོད་ཁོག་ལྟོགས་ནས་མི་བཟོད་ཀི་ཟེར།  
དེ་ནས་མི་དེས་དེ་ན་ངེད་གཉིས་ཟ་མ་འཚོལ་དུ་འགྲོ་ཞེས་བཤད། དྲེད་མོང་གི་ལྕེ་ཡིས་ཁ་ལྡག་ཞོར་དུ། མི་འགྲོ་ངས་ཁྱོད་ཟ་རྒྱུ་ཡིན་ཞེས་བཤད།  མི་དེས་ངས་ད་ལྟ་ཁྱོད་ཀྱི་སྲོག་བསྐྱབས་པ་རེད། ད་ཁྱོད་ཀྱིས་ང་ཟ་དགོས་ལབ་ན་ལས་རྒྱུ་འབྲས་མ་བརྩིས་པ་མ་རེད་དམ་ཞེས་དྲིས།  
དྲེད་མོང་གིས་ཧེ་ཧེ་ཞེས་དགོད་ཞོར་དུ་དེང་སང་ལས་རྒྱུ་འབྲས་སུ་ཞིག་གིས་བརྩི་རྒྱུ་རེད། ཁྱོད་ངོ་མ་མི་གླེན་པ་རེད་ཅེས་ཟེར།  མི་དེས་ངའི་ཨ་ཕ་དང་ཨ་མ། ནང་མི་ཚང་མ་ལས་རྒྱུ་འབྲས་བརྩི་མཁན་ཡིན། ཕ་གིའི་གཡག་རྒན་དེར་སྐད་ཆ་འདྲི་རུ་འགྲོ་ཟེར། 
མི་དེས་གཡག་རྒན་ལགས། ངས་དྲེད་མོང་འདི་ཀོ་ཐུམ་ལས་སྐྱབས་པ་ཡིན། ད་ཁོས་ང་ཟ་དགོས་ཟེར་གྱིན་འདུག དེ་ལས་རྒྱུ་འབྲས་དང་མཐུན་པ་ཞིག་རེད་དམ་ཞེས་དྲིས།  
གཡག་རྒན་གྱིས་དེང་སང་ལས་རྒྱུ་འབྲས་བརྩི་མཁན་ཞིག་ཡོད་པ་མ་རེད། ངས་ཁྱིམ་ཚང་ཞིག་ལ་ད་བར་དུ་གཡོག་བྱས་པ་ཡིན། ད་ལོ་ཁོང་ཚོས་ང་བཤའ་རྒྱུ་ཡིན་ཟེར་དེ་ལ་སོམས་དང་ལས་རྒྱུ་འབྲས་ཞིག་གང་ན་ཡོད་ཅེས་ལན་བཏབ།  དྲེད་མོང་གིས་མི་དེར་གཡག་རྒན་གྱིས་བཤད་པ་གོ་སོང་ངམ། ད་ནི་ངས་ཁྱོད་ཟ་རྒྱུ་ཡིན་ཟེར་དུས། མི་དེས་ཕ་གིའི་རྟ་རྒན་དེར་སྐད་ཆ་འདྲི་རུ་འགྲོ་ཟེར་ནས་དེར་སོང་།  
མི་དེས་རྟ་རྒན་ལ། ངས་དྲེད་མོང་འདི་ཀོ་ཐུམ་ལས་སྐྱབས་པ་ཡིན། ཁོས་ང་ཟ་དགོས་ཟེར། དེ་དྲིན་ལན་ལོག་འཇལ་བྱས་པ་མ་ཡིན་ནམ་ཞེས་དྲིས།  
རྟ་རྒན་གྱིས་ངས་ཚེ་གང་བོར་ཁྱིམ་ཚང་ཞིག་ལ་གཡོག་བྱས་པ་ཡིན། ད་ལོ་ཁོང་ཚོས་ང་རྒས་འདུག་ཞེས་མཚེར་ཤུལ་དུ་བསྐྱུར་ནས་བུད་སོང་བ་རེད་ད་ལས་རྒྱུ་འབྲས་ཞིག་གག་ན་ཡོད་ཟེར།  སྐབས་དེར་དྲེད་མོང་གིས་མི་དེ་ལ་རྟ་རྒན་གྱིས་བཤད་པ་གོ་སོང་ངམ། ད་ངས་ཁྱོད་ཟ་རྒྱུ་ཡིན་ཞེས་ལབ་ཞོར་དུ་ཁ་གདེང་ནས་སོ་བསྟན།  
མི་དེས་ཡང་བསྐྱར་ཕ་གིའི་རི་བོང་དེར་སྐད་ཆ་ཞིག་འདྲི་དགོས་ཟེར་དུས། དྲེད་མོང་གིས་ཡ་ཡ། འདི་ཐ་མ་ཡིན་ཞེས་ཟེར་ནས་རི་བོང་ལ་འདྲི་རུ་སོང་། ཁོང་གཉིས་ཀྱིས་རི་བོང་ལ། དྲེད་མོང་ཀོ་ཐུམ་ལས་སྐྱབས་ཚུལ་དང་། གཡག་རྒན་དང་རྟ་རྒན་གཉིས་ལ་སྐད་ཆ་དྲིས་ཚུལ་དང་དེ་གཉིས་ཀྱིས་ལན་བཏབ་ཚུལ་སོགས་བཤད།  
དེ་ནས་རི་བོང་གིས་ཧ་ཧ་ཞེས་གད་མོ་དགོད་ཞོར་དུ་ ཕར་མཆོང་ཚུར་མཆོང་འགའ་བྱས་སྟེ། དྲེད་མོང་ཀོས་བཏུམས་པ་ཟེར་བ་ཞིག་ངས་སྔོན་ཆད་གོ་མ་མྱོང་ཟེར།  སྐབས་དེར་དྲེད་མོང་གིས་ཁྱོད་ཀྱིས་གོ་མ་མྱོང་ན་ངེད་གཉིས་ཀྱིས་བསྟན་ཆོག་ཞེས་རི་བོང་ཁྲིད་ནས་ཟམ་པ་ཡོད་ས་དེར་ཕྱིན།  
ཁོང་ཚོ་གསུམ་ཟམ་པའི་འོག་ཏུ་ཐོན་དུས། དྲེད་མོང་གིས་བསམ་བློ་མ་བཏང་བར་ཀོ་བའི་ནང་དུ་འཛུལ། མི་དེས་ཀོ་བའི་ཁ་ཐག་པས་དམ་པོར་མདུད་དེ་ཟམ་པའི་འོག་ཏུ་བཏགས།  དེ་ནས་རི་བོང་གིས། དྲིན་བྱས་དྲིན་དུ་མི་ཚོར་བའི། ལས་ངན་དྲེད་མོང་མ་རབས་པོ། སྐྱིད་པོ་བྱས་ནས་མི་འདུག་ན། ཀོ་བའི་ནང་དུ་གཉིད་ལ་སྡོད་ཅེས་རང་གནས་སུ་ཕྱིན་སོང་ངོ་།། 

 

མཁས་གྲུབ་གྱིས་བསྡུ་སྒྲིག་དང་གཟུངས་ཕྱུག་སྐྱིད་གཉིས་ཀྱིས་ལེགས་བཅོས་བྱས།

 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

  

Topic: ལས་རྒྱུ་འབྲས།

No comments found.

New comment