ཤ་བ་དང་སྟག

24/08/2014 13:17

ཤ་བ་དང་སྟག

ང་ལ་བང་རྩལ་ལྡན། ང་ལ་བློ་རིག་ལྡན། སྟོབས་ཤུགས་ཇི་ལྟར་ཆེ་ནའང་། སུ་གང་གིས་ང་འཛིན་མི་ཐུབ།

ཤེའུ་ཞིག་གིས་གླུ་ལེན་ཞོར་དུ་ནགས་ཚལ་ཞིག་གི་ནང་དུ་མེ་ཏོག་དང་ཤིང་སྡོང་གི་ལོ་མ་འཚོལ་ཏུ་འགྲོ་སྐབས། ཤེའུ་ཡིས་རང་ཉིད་ཆུང་ཆུང་ཡིན་པ་དང་། ནགས་ཚལ་ནང་གི་གཅན་གཟན་ཆེན་པོ་དེ་ཚོས་རང་ཉིད་ཟ་བསམ་གྱི་ཡོད་པ་ཤེས་ཀྱི་ཡོད། ཡིན་ནའང་། ཤེའུ་དེའི་སེམས་སུ་སྐྲག་སྣང་ཁྱོན་ནས་སྐྱེ་གི་མེད།

 

ཤེའུ་དེ་ལམ་དུ་བསྐྱོད་བཞིན་ཡོད་དུས། སྒྲ་ཆེན་པོ་ཞིག་གྲགས་འོང་བ་དང་། ཅང་མ་འགོར་བར། སྟག་ཞིག་ཁོའི་མདུན་དུ་མཆོངས་ནས། ཨ་རོགས་ཤེའུ། ང་ལྟོགས་ནས་བསྡད་ཡོད། ད་ཁྱོད་རང་ངས་ཉིན་གུང་གི་ཁ་ཟས་བྱེད་ཀྱི་ཡིན། ཞེས་བཤད།

 

ཤའུ་ཡིས་དེ་མ་ཐག་ཕར་ལྟ་ཚུར་ལྟ་ཞིག་བྱས་པ་ན། གཡས་ཕྱོགས་སུ་ཆུ་འཁྱིལ་ཞིག་ཡོད་པ་མཐོང་སྟེ། ཨ་ཁུ་ལགས། དགོངས་པ་མ་ཚོམ། དེ་རིང་ང་ཁྱོད་ཀྱི་ཁ་ཟས་བྱེད་མི་ཉན། ངས་རྒྱལ་པོའི་བཀའ་ལྟར།  ཁོང་གི་བླ་མཚོ་བསྲུང་དགོས་ཡོད་ཅེས་རྫུན་བཤད།

 

སྟག་ཡ་མཚན་ཞོར་དུ།ཨ་རོགས་ཤེའུ། ཆུ་འཁྱིལ་འདི་རྒྱལ་པོའི་བླ་མཚོ་རེད་དམ། ཞེས་དྲིས། ཤེའུ་ན་རེ། རེད། མཚེའུ་འདི་ངོ་མ་རྒྱལ་པོའི་བླ་མཚོ་རེད། མཚེའུ་འདི་འཐུང་ན་བྲོ་བ་ཧ་ཅང་ཞིམ་པོ་ཡོད་པ་རེད། འོན་ཀྱང་། རྒྱལ་པོའི་སུ་ལའང་འཐུང་དུ་མ་འཇུག་ཅེས་གསུང་ཡོད་ཅེས་ལན་བཏབ།

 

སྟག་གིས་བསམ་བློ་ཞིག་བཏང་རྗེས། ངས་རྒྱལ་པོའི་བླ་མཚོ་འཐུང་གི་ཡིན་ཞེས་བཤད། ཤེའུ་ན་རེ། ཨ་ཁུ། དེ་ལྟར་རྩ་བ་ནས་བྱེད་མི་ཉན་ཞེས་ཞུ་བ་འཐེན་པ་དང་། གལ་ཏེ་ངེས་པར་དུ་འཐུང་ན། ཉུང་ཉུང་ཞིག་འཐུང་རོགས། ཞེས་ཞུས།

སྟག་ན་རེ། ཡ་ཡ། ངས་ཉུང་ཉུང་ཞིག་འཐུང་ཆོག་ཅེས་བཤད། ཤེའུ་ན་རེ། དེས་ན། ང་རང་སྔོན་ལ་ཐག་རིང་ཞིག་ལ་འབྲོ་རུ་འཇུག་རོགས་ཞེས་ཞུ་བ་བྱས།  སྟག་ན་རེ། དེ་ཆོག་གི། སྔོན་ལ་ཁྱེད་རང་བྲོས་ཤིག་ཅེས་བཤད། དེ་ནས་ཤུའུ་དེ་ནས་ནུས་ཤུགས་ཡོད་ཚད་བཏོན་ཏེ་བྲོས་སོང་ངོ།

 

སྟག་གིས་ཆུ་འཁྱིལ་དེར་བལྟས་ནས། རྒྱལ་པོའི་བླ་མཚོ་འཐུང་ཐུབ་པ་འདི་སེམས་ལ་དྲན་མ་མྱོང་བའི་དོན་དག་ཞིག་རེད་ཅེས་ཁེར་ལབ་བྱེད་ཞོར་དུ་།  ཆུ་འཁྱིལ་ནང་དུ་མཆུ་ཏོ་བཙུགས་ཏེ། ཧུབ་ཆེན་པོ་ཞིག་འཐུང་པ་ན། སྟག་གི་ཁ་ལ་འདམ་དྲི་བྲོ་ནས། ཁ་ནས་ཐུ་ཐུ་ཞེས་མར་ས་ལ་འཕངས། འདམ་དྲི་བྲོ་གི་འདུག འདི་ལ་བྲོ་བ་ཞིམ་པོ་ཁྱོན་ནས་མི་འདུག་ཅེས་སྐད་ཆེན་པོ་ཤོར་ཞོར། ཤེའུ་དེས་ང་ལ་མགོ་སྐོར་བཏང་འདུག་ཅེས་ངར་སྒྲ་སྒྲོག་ཞོར་ཤེའུ་འཚོལ་དུ་རྒྱུགས་སོ།

 

དེ་ནས་ཅང་མ་འགོར་བར། སྟག་གིས་ཤེའུ་དེའི་རྗེས་ཆོད་པ་དང་། དེ་མ་ཐག་ཤེའུ་མར་ལག་འོག་ཏུ་མནན་ཏེ། ཡ་ཤེའུ་ལས་ངན་ཁྱོད།ཧམ་པ་ཆེན་པོ་རེད། ང་ལའང་མགོ་སྐོར་གཏོང་ཕོད་དམ། ད་ངས་ཁྱོད་ཟ་ཁོ་ཐག་ཡིན་ཞེས་བཤད་པ་ན།

 

ཤེའུ་ན་རེ། ཨ་ཁུ།  ཁྱོས་ང་ཟ་མི་ཉན། ངས་རྒྱལ་པོའི་རྔ་བསྲུང་དགོས་ཡོད་ཅེས་བཤད། སྟག་ན་རེ། རྫུན་མ་བཤད།  རྒྱལ་པོར་རྔ་ཞིག་གང་ན་འདུག་ཅེས་དྲིས། ཤེའུ་ན་རེ།  འདི་རྒྱལ་པོའི་རྔ་རེད་ཅེས་སྡོང་མགོ་རུ་ཡོད་པའི་སྦྲང་ཚང་དེར་མཛུབ་་མོ་བཙུགས།

 

སྟག་གིས་སྦྲང་ཚང་ལ་བལྟས་ཏེ། ཡ་མཚན། རྒྱལ་པོའི་རྔ་དེ་འདི་ཡིན་པ་རེད་ཅེས་ཁེར་བཤད་བྱས། སྐབས་དེར་ཤེའུ་དེས། འཇིག་རྟེན་འདིའི་སྟེང་དུ་ཆེས་སྒྲ་ཡག་པའི་རྔ་དེ་ནི་རྒྱལ་པོའི་རྔ་འདི་རེད། འོན་ཀྱང་། རྒྱལ་བོས་སུ་གང་ལའང་རྔ་དེ་བརྡུང་དུ་མ་འཇུག་གསུང་བྱུང་ཞེས་བཤད།

 

སྟག་ན་རེ། འོ་ན་ངས་རྔ་འདི་བརྡུང་གི་ཡིན་ཞེས་བཤད།  ཤེའུ་ན་རེ། ཨ་ཁུ་རྔ་འདི་བརྡུང་རྩ་བ་ནས་མི་ཉན། གལ་ཏེ་ཁྱོད་ཀྱིས་རྔ་འདི་ངེས་པར་དུ་བརྡུང་གི་ཡིན་ན། སྔོན་ལ་ང་ཐག་རིང་བོར་ཞིག་ཏུ་འབྲོ་རུ་འཇུག་རོགས། ཞེས་ཞུ་བ་བྱས། སྟག་ན་རེ། ཡ་དེ་ཆོག་གི   དེ་ན་ཁྱེད་རང་རྒྱུགས་ཞེས་བཤད། དེ་ནས་ཤེའུ་དེས་ནུས་ཤུགས་ཡོད་ཚད་བཏོན་ནས་བྲོས་སོང་ངོ།

 

སྟག་གིས་སྡོང་མགོའི་སྦྲང་ཚང་བལྟས་ཏེ། རྒྱལ་པོའི་རྔ་བརྡུང་ཐུབ་པ་ཞིག་སེམས་ལའང་དྲན་མ་མྱོང་ཞེས་ཁེར་ལབ་བྱེད་ཞོར་དུ་། ཤུགས་ཆེན་པོས་ཡར་མཆོངས་ཏེ། ལག་པས་སྦྲང་ཚང་ལ་ཐུག་པ་ན། སྦྲང་ཚང་མ་སྟག་གི་མགོར་ཟེགས་པ་དང་། སྦྲང་མ་མང་པོས་སྟག་གི་མགོ་དང་ལུས། ཡན་ལག་ཚང་མར་སྦྲང་མདེའུ་ཡིས་བརྒྱབ།

 

སྟག་གི་ཁ་ནས། ཨ་ཚ། ཨ་ཚ་ཚ། ཞེས་སྐད་ངན་ཤོར་བཞིན་དུ་ནགས་ཚལ་ནང་དུ་ཡར་རྒྱུགས་མར་རྒྱུགས་བྱས། སྦྲང་མ་རྣམས་ཀྱིས་སྟག་ལ་སྦྲང་མདེའུ་ཡིས་བརྒྱབ་སྟེ་རྗེས་དེད།

 

སྟག་བྲོས་ནས་རྒྱུགས་་རྒྱུགས་པའི་མཐར། མཚེའུ་ཞིག་ལ་ཐུག། ཐེ་ཚེམ་མེད་པར་མཚེའུ་དེའི་ནང་དུ་མཆོངས་ནས། ཆུ་འོག་ཏུ་ཡིན་རིང་བོར་བསྡད་པ་ན། སྦྲང་མ་རྣམས་ཕྱིར་འཕུར་ཏེ་ཕྱིན་སོང་། དེ་ནས་སྟག་ཡར་མཚེའུ་དེའི་ཁར་ཐོན་པ་དང་ཁོང་ཁྲོ་རབ་ཏུ་འབར་ཏེ། ཤེའུ་འཚོལ་དུ་ནགས་ཚལ་ནང་ལ་རྒྱུགས་སོ།

 

དུས་ཡུན་ཅང་མ་འགོར་བར། སྟག་གིས་ཤེའུ་དེའི་རྗེས་ཆོད་དེ།  མཆོངས་ཐང་གཅིག་ལ། ཤེའུ་དེ་སྡེར་འོག་ཏུ་མནན་ཏེ། ཤེའུ། ཁྱོད་ཇི་འདྲའི་ཧམ་པ་ཚ་བ་ལ། ང་ལ་མགོ་སྐོར་ཐེངས་གཉིས་བཏང་སོང་།  ད་ངས་ཁྱོད་ཟ་ཁོ་ཐག་ཡིན་ཞེས་ངར་སྒྲ་སྒྲོག།

 

སྐབས་དེར། ཤེའུ་དེས་ཡར་ལྟ་མར་ལྟ་ཞིག་བྱེད་དུས། སྦྲུལ་ཆེན་པོ་ཞིག་སྡོང་རྩ་ན་ཉལ་བསྡད་པ་མཐོང་བ་དང་།

དེ་མ་ཐག  ཁ་ནས་ཨ་ཁུ།  ཁྱོས་ང་ཟ་མི་ཉན། ངས་རྒྱལ་པོའི་སྐ་རགས་བསྲུང་དགོས་ཡོད་ཅེས་བཤད། སྟག་ན་རེ། རྫུན་མ་བཤད། སྐ་རགས་ཞིག་གང་ན་འདུག་ཅེས་དྲིས། ཤེའུ་ནས།  སྦྲུལ་དེར་མཛུབ་མོ་བཙུགས་ཏེ། རྒྱལ་པོའི་སྐ་རགས་དེ་རེད།  ཡིན་ནའང་། རྒྱལ་པོས་སུ་གང་ལའང་བཅིངས་ཏུ་མ་འཇུག་ཅེས་མངག་བྱུང་། ཞེས་བཤད།

 

སྟག་ན་རེ། འོ་ན་ངས་སྐ་རགས་འདི་བཅིང་གི་ཡིན་ཞེས་བཤད།  ཤེའུ་ན་རེ། ཨ་ཁུ་སྐ་རགས་འདི་རྩ་བ་ནས་བཅིང་མི་ཉན། གལ་ཏེ་ཁྱོད་ཀྱིས་སྐ་རགས་འདི་བཅིང་ན། སྔོན་ལ་ང་ཐག་རིང་བོ་ཞིག་ཏུ་འབྲོ་རུ་འཇུག་རོགས། སྟག་ན་རེ། ཡ་ཆོག་གི   ད་ཁྱེད་རང་རྒྱུགས་ཞེས་བཤད། དེ་ནས་ཤེའུ་དེས་ནུས་ཤུགས་ཡོད་ཚད་བཏོན་ཏེ་བྲོས་སོང་།

སྟག་གིས་གཉིད་ལ་ཡུར་བའི་སྦྲུལ་དེར་བལྟས་ཏེ། རྒྱལ་པོའི་སྐ་རགས་བཅིངས་ཐུབ་པ་ཞིག་སེམས་ལའང་དྲན་མ་མྱོང་ཞེས་ཁེར་ལབ་བྱེད་ཞོར་དུ་། སྦྲུལ་དེ་ཡར་ལག་ཏུ་བླངས་ནས་ལུས་ལ་དཀྲིས། སྐབས་དེར་སྦྲུལ་གཉིད་ལས་སད་པ་དང་། ་ནུས་ཤུགས་ཡོད་ཚད་ཀྱིས་སྟག་གི་ལུས་བསྡམ་ཏེ་བཙིར།

སྟག་སྐྲག་སྟེ་ཁ་ནས།ཨོ་དཀོན་མཆོག་མཁྱེན། འདི་སྐ་རགས་ཞིག་མ་རེད། དུག་སྦྲུལ་ཞིག་རེད། ང་སྐྱོབས་རོགས། ང་སྐྱོབས་རོགས། ཞེས་སྐད་ངན་བཏོན།  ཡིན་ནའང་། ཤེའུ་དེས་གླུ་འདི་ལྟར་བླངས་ཏེ་ཕྱིན་སོང་། ང་ལ་བང་རྩལ་ལྡན། ང་ལ་བློ་རིག་ལྡན། སྟོབས་ཤུགས་ཇི་ལྟར་ཆེ་ནའང་། སུ་གང་གིས་ང་འཛིན་མི་ཐུབ།།

 

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: ཤ་བ་དང་སྟག

No comments found.

New comment