སྦལ་བས་ཆུ་བྱ་བསད་པ།

20/07/2015 23:06

སྦལ་བས་ཆུ་བྱ་བསད་པ།

ཆུ་འགྲམ་ཞིག་ཏུ་ཆུ་བྱ་ཞིག་འཚོ་གནས་བྱེད་བཞིན་ཡོད་པ་དང་། ཆུ་བྱ་དེས་ཉིན་མང་པོར་ཁ་ཟས་མ་རྙེད་པར། གྲོད་ཁོག་ཧ་ཅང་ལྟོགས་བཞིན་ཡོད། སྐབས་དེར་ཉམ་ཆུང་བའི་ཉ་མོ་ཞིག་མདུན་དུ་ཐོན། ཆུ་བྱའི་སེམས་ལ་གཡོ་རྒྱུ་ཞིག་དྲན་ནས། ཉ་དེར། ཁྱོད་ཀྱིས་དེ་འདྲའི་སེམས་ཁྲལ་མ་བྱེད་དང་། ངས་ཁྱེད་ཚོ་ཚང་མ་ཆུ་གཙང་ས་དང་ས་སྐྱིད་ས་ཞིག་ལ་བསྐྱལ་ཆོག་ཅེས་བཤད།

ཉ་མོ་དེ་ཆུ་བྱའི་སྐད་ཆ་ལ་ཧང་སངས་ཏེ།  ཨ་ཅེ་ཆུ་བྱ། ཁྱེད་ཀྱི་སྐད་ཆ་དེའི་དོན་ཅི་རེད་ཅེས་དྲིས། ཆུ་བྱ་ན་རེ། ཆུ་འདིར་གནས་པའི་སྲོག་ཆགས་ཚང་མ་ཤི་རན་འདུག རྒྱུ་མཚན་ནི།  ཆུ་འདི་མྱུར་དུ་སྐམ་ཉེན་ཡོད་པས།ང་ལའང་ཟས་ཟ་རྒྱུ་མེད་པར་འགྱུར་སྲིད་ཅེས་བཤད།

ཉ་དེའི་སེམས་ལ་དངངས་སྐྲག་སྐྱེས་ཏེ། ཆུ་དེར་གནས་པའི་སྲོག་ཆགས་ཐམས་ཅད་ལ་གནས་ཚུལ་དེ་བསྒྲགས། དེ་ནས་སྲོག་ཆགས་ཆེ་ཆུང་ཐམས་ཅད་འཚབ་འཚུབ་ཏུ་གྱུར་ནས།ཆུ་བྱའི་མདུན་ལ་འཛོམས་ནས་ཆུ་བྱར་སྐྱབས་བཅོལ་ཞུས།

ཆུ་བྱ་ན་རེ། ཁྱེད་ཚོས་སེམས་ཁྲལ་རྩ་བ་ནས་བྱེད་མི་དགོས། ལ་འདིའི་ཕ་རོལ་ན་ཆུ་ཡག་པོ་ཞིག་ཡོད། ངས་ཁྱེད་ཚོ་ལ་ལམ་སྣེ་ཁྲིད་ཆོག ཚང་མ་དེར་འགྲོ་ཞེས་བཤད། ཉ་རྣམས་ན་རེ། ཨ་ཅེ་ཆུ་བྱ་ལ་བཀའ་དྲིན་ཆེ། ཡིན་ནའང་ང་ཚོ་ལ་འདིའི་ཕ་རོལ་ཏུ་འགྲོ་ག་ལ་ཐུབ་ཅེས་ལན་བཏབ། ཆུ་བྱ་ན་རེ། དེས་ན་ངས་ཁྱེད་ཚོ་རེ་རེ་བྱས་ཏེ་ཁྱེར་ནས་བསྐྱལ་ཆོག་ཅེས་བཤད་པས་ཉ་ཚང་མ་དགའ།

དེ་ནས་ཆུ་བྱ་དེས་ཉ་རེ་རེ་བྱས་ཏེ་ཁྱེར་ནས་རྒྱང་རིང་བོའི་ས་ན་རྡོ་ལེབ་ཅིག་ཡོད་པ་དེའི་སྟེང་དུ་རེ་རེ་བཞིན་ཟོས། དེ་ནས་ཉིན་ཞིག་སྦལ་བ་ཞིག་གིས། ཨ་ཅེ་ཆུ་བྱ་ལགས། ད་ང་ཕར་སྐྱེལ་རོགས་ཞེས་བཤད་པ་ལྟར་ཆུ་བྱས་སྦལ་བ་ཁྱེར་ནས་སོང་སྟེ། རྡོ་ལེབ་ཀྱི་སྟེང་དུ་མར་འཇོག་དུས། སྦལ་བས་ཆུ་བྱའི་གཡོ་རྒྱུ་ཤེས་ཏེ་མགྱོགས་པོར་ཡར་ཆུ་བྱའི་སྐེ་ལ་ལག་པས་དམ་པོར་འཇུས་ནས། ཤུགས་ཆེན་པོས་བཙུར་ཏེ་ཆུ་བྱ་བསད་དོ།།

 

  • མཁས་གྲུབ་གྱིས་བསྡུ་སྒྲིག་བྱས་པ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Topic: སྦལ་བས་ཆུ་བྱ་བསད་པ།

No comments found.

New comment