༄༅།། ང་རྒྱལ་གྱི་མཇུག་འབྲས།

03/07/2017 09:57
༄༅།། ང་རྒྱལ་གྱི་མཇུག་འབྲས། 
 
རྫིང་བུ་ཞིག་གི་ནང་དུ། རུས་སྦལ་ཞིག་དང་ངང་བ་གཉིས་བསྡད་ཡོད་པ་རེད། སྐབས་དེར་དུས་ཡུན་རིང་བོ་ཞིག་ལ་ཆར་བ་མ་བབས་པས་རྫིང་བུ་བསྐམ་སོང་བ་རེད།
 
ངང་བ་གཉིས་ཀྱིས་རུས་སྤལ་ལ། ཀྭ་ཡེ་གྲོགས་པོ། ད་ངེད་གཉིས་འདིར་འདུག་བཟོད་མི་བདེ་བས། རྫིང་བུ་གཞན་ཞིག་འཚོལ་དུ་འགྲོ་ཡི་ཡིན་ཞེས་བཤད། 
 
རུས་སྤལ་གྱིས། དེས་ན་ང་ཡང་མཉམ་དུ་ཁྲིད་རོགས་ཞེས་བཤད། ངང་བ་གཉིས་ཀྱིས་ཁྱེད་འཁྲིད་འདོད་ཡོད་ཀྱང་། ཁྲིད་ཐུབ་པའི་ཐབས་ཤེས་མི་འདུག་ཅེས་ལན་བཏབ།
 
རུས་སྦལ་གྱིས་ཁྱེད་གཉིས་ལ་ངོ་མ་ང་འཁྲིད་འདོད་ཡོད་ཚེ། ང་ལ་ཐབས་ཤེས་ཡོད་ཅེས་བཤད། ངང་བ་གཉིས་ཀྱིས་ཁྱེད་ལ་ཐབས་ཤེས་ཡོད་ན་ཤོད་དང་། ང་ཚོ་ཚང་མ་མཉམ་དུ་འགྲོ་ཆོག་ཅེས་ལབ།
 
རུས་སྤལ་གྱིས་ཤིང་ཐུར་གཅིག་ཁྱེར་འོང་ནས། ཁྱེད་གཉིས་ཀྱིས་ཤིང་ཐུར་འདིའི་སྣེ་རེ་རེ་ཁ་ལ་བཟུང་ནས་ནམ་མཁར་འཕུར་དང་། ངས་ཤིང་ཐུར་འདིའི་དཀྱིལ་ལ་སོ་བཏབ་ནས་འདུག་ཆོག་ཅེས་བཤད།
 
ངང་བ་གཉིས་ཀྱིས་ཐབས་ཤེས་དེ་ནི་ངོ་མ་ཡག་པོ་འདུག་ཅེས་བཤད་དེ། དེ་ལྟར་རུས་སྦལ་བཀྱགས་ནས་ནམ་མཁའ་རུ་འཕུར་ཏེ་སོང་བ་ན། ཕྱུག་རྫི་འགས་མཐོང་སྟེ། ཨ་ཡ་མཚན།ནམ་མཁའ་ལ་ལྟོས་དང་ག་འདྲའི་ངང་བ་རིག་རྒོད་གཉིས་རེད་ཅེས་གཅིག་གིས་གཅིག་ལ་བཤད།
 
རུས་སྦལ་གྱིས་སྐད་ཆ་དེ་ཐོས་པ་དང་། ང་རྒྱལ་སྐྱེས་ཏེ་རིག་པ་འདི་ངས་དྲན་པ་ཡིན་ཞེས་ཁ་གདངས་པས། ཤིང་ཐུར་ཁ་ནས་ཤོར་བ་དང་རུས་སྦལ་ནམ་མཁའ་ནས་མར་ཟགས་སོ།།