༄༅།། རྟ་རྒན་དང་གླང་རྒན།

30/09/2012 12:19

 

ས་ཆ་ཞིག་ན། རྟ་རྒན་ཞིག་དང་གླང་རྒན་ཞིག་ཡོད་པ་རེད། ཁོང་གཉིས་ཀྱིས་སྤུན་བསྒྲིགས་ཏེ་ཟ་མ་མཉམ་ཟ་དང་། ལས་ཀ་མཉམ་ལས་བྱས་ནས་ཡུན་རིང་བོ་སོང་བ་རེད།

 

རྟ་རྒན་དང་གླང་རྒན་གཉིས་ཀྱིས་ཅ་ལག་མང་བོའི་བཀང་བའི་ཤིང་རྟ་ཆེན་པོ་ཞིག་འདྲུད་ཀྱིན་ཡུན་རིང་ཞིག་ལ་སོང་རྗེས། ཁོང་གཉིས་ཐང་ཆད་དེ་གླང་རྒན་གྱི་དབུགས་ལྷེམ་ལྷེམ་བྱེད་ཀྱིན་ཡོད་པ་དང༌། རྟ་རྒན་གྱི་ལུས་ལས་ཀྱང་རྔུལ་ནག་ཁྲོམ་ཁྲོམ་དུ་བཞུར་གྱིན་ཡོད་པ་རེད།

 

རྟན་རྒན་གྱི་རང་གི་ལུས་ནས་ཁྲོམ་ཁྲོམ་དུ་བཞུར་གྱིན་པའི་རྔུལ་ནག་མཐོང་བ་དང་། གླང་རྒན་གྱི་ལུས་ལ་བསྟས། གླང་རྒན་གྱི་ལུས་ལས་དེ་ལྟ་བའི་རྔུལ་ནག་བཞུན་གྱིན་མེད་པ་མཐོང་ནས། རྟ་རྒན་གྱིས་གླང་རྒན་ལ། ཨ་རོགས་གླང་རྒན། ངའི་ལུས་ནས་བཞུད་གྱིན་པའི་རྔུལ་ཆུ་ལ་ལྟོས་དང་། ཁྱོད་ཀྱི་ལུས་ན་རྔུལ་ཆུ་མཐོང་རྒྱུ་མེད་པ་མེད་ག་རེ་རེད། ཁྱོད་ཀྱིས་ལེ་ལོ་བྱས་པ་རེད་ཅེས་གླང་རྒན་ལ་གཤེ་གཤེ་བཏང༌།

གླང་རྒན་ན་རེ། སྤུན་ཆུང་ལགས། སྐད་ཆ་སོམས་ལ་ཤོད། རྩམ་པ་སྡོད་ལ་མུད་ཟེར་བ་རེད། དང་བོ་ཁྱོད་ཀྱིས་ང་ཡི་ལུས་སྟེང་ལ་ལྟོས་དང་ཞེས་ཟེར་ཞེས་རྩོད་པ་བརྒྱབ་ནས་ཡོད་དུས། སྐྱ་ག་ཁྲ་མོ་ཞིག་ཁོང་གཉིས་ཀྱི་མདུན་དུ་འཕུར་འོངས་ནས་དེར་བབས།

 

སྐྱ་ཀས་རྟ་ཕོ་དང་གླང་རྒན་གཉིས་ཀྱི་ངོ་གདོང་ལ་ཞིག་བལྟས་པ་དང་རྟ་རྒན་ལ་ཁ་ཕྱོགས་ཏེ་། གྲོགས་པོ་རྟ་རྒན་ལགས། ཉིད་ཀྱིས་དང་བོར་གླང་རྒན་གྱི་ལུས་སྟེང་ལ་བསྟོས་དང་ཟེར། རྟ་ཕོས་ཡི་མ་རང་བའི་སྒོ་ནས། ཕུ་བོ་གླང་རྒན་གྱི་ལུས་སྟེང་ལ་རྔུལ་ཆུ་ཐིག་པ་གཅིག་གྱང་མཐོང་རྒྱུ་མི་འདུག་ཟེར།

 

སྐྱ་ཀས་མིག་གཉིས་ཆེར་བགྲད་དེ། ཁྱོད་ཀྱིས་ཕུ་བོ་གླང་རྒན་གྱི་རྨིག་ག་དང། ཁ་སྣ་ལ་ཞིབ་ཏུ་ལྟོས་དང༌། མཐོང་ངམ་ཞེས་སྨོས། ཨ་ཙེ་ཨ་ཙེ། གླང་རྒན་གྱི་རྨིག་གའི་བར་དང༌། ཁ་སྣའི་སྟེང་ནས་རྔུལ་ཆུའི་ཐིགས་པ་མང་པོ་ཟག་གིན་པ་མཐོང༌། རྟ་རྒན་ངོ་ཚ། དེ་ནས་དེ་མ་ཐག་ཁོས་གླང་རྒན་ལ། ཕུ་བོ་གླང་རྒན་ལགས། ང་ནོར་སོང༌། ངས་ཁྱོད་ལ་བསྙད་བཏགས་སོང་ཟེར་ནས་དགོངས་དག་ཞུས།

གླང་རྒན་དགོད་ཀྱིན་མགོ་བོ་སྨད་དེ། འདི་འདྲའི་གནད་དོན་ཁྱིམ་ཚང་ནང་དང་སྤྱི་ཚོགས་ནང་ལ་ཨང་ཡོང་སྲིད་པ་ཞིག་རེད། དེ་རིང་ངེད་གཉིས་སྤུན་མཆེད་ཀྱི་བར་ལའང་ཡོང་བ་འདི་རེད་མོད། འོན་གྱང་དེ་རིང་གི་གནད་དོན་འདིའི་ཐོག་ནས་ངེད་གཉིས་ཉམས་མྱོང་ཞིག་བསགས་སོང་བ་མ་རེད་དམ་ཞེས་བཤད་ཤོར་དུ་མུ་མཐུད་དུ་ཤེད་ཤུགས་ཡོད་རྒུས་ཤིང་རྟ་དྲུད་ནས་མདུན་དུ་བསྐྱོད།