གཞུང་དྲང་གི་བྱིས་པ།

17/03/2015 22:03

སྔ་མོ་ཞིག་ལ། རྒྱལ་ཁབ་སྐྱིད་པོ་ཞིག་ཡོད། རྒྱལ་ཁབ་དེའི་རྒྱལ་བོ་དེ་ནི་ཧ་ཅང་བྱམས་སེམས་ཅན་ཞིག་ཡིན་པ་དང་། མང་ཚོགས་ཀྱིས་རྒྱལ་བོ་དེ་ལ་བཀུར་ཞིང་གུས་བརྩི་ཤིན་ཏུ་ཆེ། ཡིན་ནའང་། རྒྱལ་བོ་ལ་བུ་དང་བུ་མོ་གཅིག་ཀྱང་མེད་པས། སེམས་སུ་སུ་ཞིག་ལ་རྒྱལ་སྲིད་འཛིན་དུ་འཇུག་དགོས་སམ་བསམ་སྟེ། སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད།

ཉིན་ཞིག་རྒྱལ་བོས་བློན་པོ་ཚོ་མདུན་དུ་བོས་ནས་སྨྲས་པ། ངས་རྒྱལ་ཡོངས་ནས་བྱིས་པ་གཞུང་རྒྱུད་དྲང་བ་ཞིག་བདམས་ཏེ་རང་གི་བུ་ཚབ་བྱེད་རྒྱུ་ཡིན་ཟེར། དེ་ནས་རྒྱལ་ཡོངས་ཀྱི་བྱིས་པ་ཐམས་ཅད་བསྡུས་ཏེ། མེ་ཏོག་གི་ས་བོན་རེ་རེ་སྤྲད། ས་བོན་འདི་བཏབ་ནས་མེ་ཏོག་གི་ཁ་འགད་དུ་འཇུག་ཐུབ་ན། དེ་ནི་ངའི་རྒྱལ་སྲིད་འཛིན་མཁན་ཡིན་ཞེས་ཁྱབ་བསྒྲགས་བྱས།

བྱིས་པ་རྣམས་ཀྱིས་རང་རང་གི་ས་ནས། ས་བོན་བཏབ་སྟེ་མེ་ཏོག་བཞད་པའི་རེ་བ་བཏོན། མིང་ལ་བཀྲ་ཤིས་ཞེས་པའི་བྱིས་པ་ཞིག་ཡོད་པ་དེས་ཀྱང་མེ་ཏོག་བཏབ། འོན་ཀྱང་། མེ་ཏོག་གི་ཁ་ཁྱོན་ནས་བཀད་མ་ཐུབ།

མེ་ཏོག་ལ་ལྟ་བའི་ཉིན་མོར་ཐོན་དུས། རྒྱལ་ཡོངས་ཀྱི་བྱིས་པ་རྣམས་ཀྱིས་ལྭ་བ་སོ་མ་གྱོན། མེ་ཏོག་སྐྱེས་པའི་རྫ་བུམ་དག་ཁྱེར་ནས། ཕོ་བྲང་གི་མདུན་ཐང་དུ་གྲལ་བསྒྲིགས། གྲལ་སྔ་ན། ངུ་བཞིན་པའི་བྱས་པ་བཀྲ་ཤིས་ཡོད་པ་མཐོང་བ་དང། ཁོའི་ལག་ཏུ་རྫ་བུམ་སྟོང་བ་ཞིག་བཟུང་ནས་ལངས་འདུག རྒྱལ་བོས། བུ་ཆུང་། ཁྱོད་ཀྱིས་རྫ་བུམ་སྟོང་བ་ཞིག་ཁྱེར་ཡོང་ནས་ཅི་བྱེད་ཅེས་དྲིས།  བཀྲ་ཤིས་ངུ་ཞོར་དུ། རང་གིས་བཏབ་པའི་ས་བོན་ལ་མེ་ཏོག་མ་སྐྱེས་པའི་གནས་ཚུལ་ཞུས། རྒྱལ་བོ་དགའ་ནས་བཀྲ་ཤིས་ཀྱི་ལག་པར་འཇུས་ཏེ། སྐད་ཆེན་པོས། བྱིས་པ་འདི་ནི། ངའི་རྒྱལ་སྲིད་འཛིན་མཁན་ཡིན་ཞེས་བསྒྲགས།

སྐབས་དེར། བློན་པོ་རྣམས་ཀྱིས་རྒྱལ་བོ་ལ། སྐུ་ཉིད་ཀྱིས་བྱིས་པ་ལག་སྟོང་དེར། རྒྱལ་སྲིད་སྤྲད་དོན་ཅི་ཡིན་ཞེས་དྲིས་པར། ངས་བྱིས་པ་ཚོར་སྤྲད་པའི་ས་བོན་དེ་ནི་བརྔོས་མ་ཡིན་པས། མྱུ་གུ་སྐྱེ་མི་སྲིད། དེ་བས་བྱིས་པ་འདིར་ངའི་རྒྱལ་སྲིད་འཛིན་དུ་འཇུག་འདོད་པ་ཡིན་ཞེས་བཤད་དེ་མི་ཐམས་ཅད་་ཡ་མཚན་སྐྱེས་སུ་བཅུག་གོ།།

 

  • མཁས་གྲུབ་གྱིས་བསྡུ་སྒྲིག་བྱས་པ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Topic: གཞུང་དྲང་གི་བྱིས་པ།

No comments found.

New comment