དེ་འདྲ་རེད་དམ།

04/02/2014 15:52

༄༅།། འཇར་པན་གྱི་ནང་བའི་སྒྲུང་གཏམ་གྲགས་ཆེན་ཞིག

སྔོན་གྲོང་གསེབ་ཅིག་གི་ཉེ་འདབས་སུ། དགེ་འདུན་པ་ཞིག་གནས་སྡོད་གནང་ཡོད་པ་དང་། དགེ་འདུན་པ་དེར་གྲོང་གསེབ་དེའི་ནང་གི་གྲོང་མི་རྣམས་ཀྱིས་གུས་བརྩི་ཆེན་པོ་བྱེད་ཀྱིན་ཡོད།ནམ་རྒྱུན་དགེ་འདུན་པ་དེ་གྲོང་གསེབ་ཏུ་གྲོང་མི་རྣམས་ལ་རོགས་རམ་བྱེད་དུ་ཕེབས་སྐབས། གྲོང་མི་རྣམས་ཀྱིས་ཁོང་གི་མདུན་ནས་བསུས་ཏེ། སྐྱབས་ཡུལ་དམ་པ་ལགས། ཁྱེད་ང་ཚོའི་གྲོང་མཐའ་ནས་བཞུགས་ཏེ། ང་ཚོར་ཕན་པའི་ལས་བཟང་བོ་མང་བོ་སྒྲུབ་བཞིན་པ་ནི་ང་ཚོའི་བསོད་ནམས་རེད་ཅེས་ཞལ་ཟས་སྣ་ཚོགས་དང་མེ་ཏོག་སྣ་ཚོགས་ཀྱི་མཆོད་པ་འབུལ་གྱི་ཡོད་པ་རེད།
 

དགེ་འདུན་པ་དེའི་ཞལ་ནས་དེ་འདྲ་རེད་དམ་ཞེས་གསུང་བ་ལས། ཡག་ཉེས་ཀྱི་ལན་ཅི་ཡང་འདེབས་ཀྱི་མེད།
 

ཉིན་ཞིག་དགེ་འདུན་པ་དེ་ཤག་ཏུ་བཞུགས་ཡོད་པའི་དུས་སུ། བུད་མེད་སྦྲུམ་མ་ཞིག་གིས་སྒོ་རྡུང་ཞོར། ཀྱེ་སྐྱབས་ཡུལ་དམ་པ་ལགས། ང་ལ་མགོན་སྐྱབས་ཤིག་གནང་རོགས། ངའི་མངལ་ལ་ཕྲུ་གུ་འཁོར་ནས་ཟླ་བ་འགའ་ཕྱིན་ཡོད། ངའི་མཛའ་བོ་ངའི་ནང་མི་ལ་སྐྲག་ནས། གནས་སྐབས་ས་ཆ་གཞན་ལ་བྲོས་བྱོལ་དུ་ཕྱིན་སོང་།  ཕ་མ་དང་སྤུན་མཆེད་རྣམས་ཀྱིས་ང་ཁྱིམ་ནས་ཕྱིར་ཕུད་བས། ད་ལྟ་ང་ལ་འདུག་སའི་གནས་དང་འགྲོ་སའི་ཡུལ། སྐྱོབ་པའི་མགོན་སོགས་གང་ཡང་མེད་ཅེས་སྐྱབས་འཇུག་ཞུས།
 
དགེ་འདུན་པ་དེའི་ཞལ་ནས། དེ་འདྲ་རེད་དམ་ཞེས་གསུངས་པ་དང། བུ་མོ་དེ་རང་གི་གྲྭ་ཤག་རྒྱབ་གྱི་ཁང་མིག་ཆུང་ཆུང་ཞིག་ཡོད་པ་དེའི་ནང་དུ་སྡོད་དུ་བཅུག་སྟེ་བྱམས་སྙིང་རྗེའི་སྒོ་ནས་བྱམས་སྐྱོང་གནང་།  དེ་མ་ཐག   གྲོང་གསེབ་ནང་དུ་དགེ་འདུན་པ་ཁོང་གིས་བུ་མོ་དེར་མགོ་སྐོར་བཏང་བའི་གཏམ་འཆལ་ཁྱབ་པ་དང་།  གྲོང་མི་རྣམས་ཧང་སངས་པ་དང་ཁོང་ཁྲོ་ལངས།  ཉིན་དེ་ནས་བཟུང་དགེ་འདུན་པ་དེ་གྲོང་གསེབ་ཏུ་ཕེབས་དུས། གྲོང་མི་ཚོས་ཁོང་ལ། གྲྭ་ལོག། དགེ་འདུན་པའི་ཞབས་འདྲེན། བསྟན་པའི་དགྲ་བོ། ཁྱོད་ཀྱིས་ང་ཚོའི་རེ་བ་དང་ཡིད་ཆེས་ཆུ་ལ་གཡུག་སོང་། བུ་མོ་ཉམ་ཆུང་དེའི་ལྟོ་བར་ལྟོས་དང་། ཁྱོད་ལ་ངོ་ཚ་དང་ཡ་ང་བའི་སེམས་པ་ཞིག་འདུག་གམ། ཞེས་དམོད་མོ་བྱེད་ཀྱིན་གྲོང་མཐའ་ལ་རྡོ་དང་དབྱུག་པས་འདེད་བཞིན་ཡོད་པ་རེད།
 
དགེ་འདུན་པ་དེའི་ཞལ་འཛུམ་ཞོར་དུ། འོ། དེ་འདྲ་རེད་དམ་ཞེས་གསུང་བ་ལས། བཟང་ངན་གྱི་འགྲེལ་བཤད་གང་ཡང་མི་གནང་བར་ཕེབས་ཀྱི་ཡོད།

དེ་ལྟར་དུས་ཡུན་ལོ་གཉིས་སོང་བ་ན། བུ་མོ་དེར་བུ་ཞིག་སྐྱེས་པ་དང་། བུ་མོའི་དེའི་མཛའ་བོའང་ཕྱིར་རང་ཡུལ་དུ་ལོག་ནས། མཛའ་མོའི་ཕ་མའི་མདུན་དུ་བཅར་ཏེ། ཁོ་དང་བུ་མོ་དེའི་བར་ལ་བརྩེ་དུངས་ཆགས་ཚུལ་དང།  མོ་ལ་མངལ་འཁོར་སྟངས། ལོ་གཉིས་ཀྱི་དུས་ཡུན་རིང་རང་ཉིད་ཡུལ་གཞན་ལ་བྲོས་བྱོལ་དུ་ཕྱིན་ནས། ཚོང་ལས་བྱས་ཏེ་ཕྱུག་པོ་གྱུར་བ་དང་ཕྱིར་ཡུལ་དུ་རང་གི་མཛའ་མོ་དང་བུ་ཕྲུག་ལ་བདག་སྐྱོང་བྱེད་དུ་ཡོང་ཚུལ་སོགས་ཞུས་པ་ན། བུ་མོའི་ཕ་མ་གཉིས་ཀྱི་སེམས་ལ་དགའ་སྤྲོ་ཚད་མེད་སྐྱེས་པ་དང་། བཟའ་མི་བུ་ཕྲུག་རྣམས་ཕྱིར་ཁྱིམ་དུ་བསུས་ཏེ་དགའ་སྟོན་རྟེན་འབྲེལ་བྱས།

 

དེ་ནས་གྲོང་གསེབ་ཀྱི་མི་རྣམས་ཀྱི་སེམས་ལ་འགྱོད་གདུང་དྲག་པོ་སྐྱེས་ཏེ། དགེ་འདུན་པ་དེ་ཕེབས་སའི་ལམ་བར་དུ་གྲལ་བསྒྲིགས་ནས། མེ་ཏོག་སྣ་ཚོགས་དང་། རོ་བཅུད་ལྡན་པའི་ཞལ་ཟས་སྣ་ཚོགས་ཀྱི་མཆོད་པ་ཕུལ་ཏེ་ན་རེ།  སྐྱབས་ཡུལ་དམ་པ་ལགས། ང་ཚོ་མ་རིག་པའི་ལོག་རྟོགས་ཀྱི་གཞན་དབང་དུ་གྱུར་ནས། སྐུ་ཉིད་ལ་མ་ཉེས་ཁ་གཡོག་གིས་སྡུག་པ་ཆེན་པོ་བསགས་སོང་བས། བཟོད་པ་བཞེས་རོགས་ཞེས་བཟོད་གསོལ་ཕུལ་བ་དང་ལྷན་ཏུ་བསྟོད་ཚིག་མང་བོ་ཕུལ།  ཡིན་ཡང་། དགེ་འདུན་པ་དེའི་ཞལ་ནས་འཛུམ་མདངས་སྟོན་ཞོར་དུ། ལན་དུ། དེ་འདྲ་རེད་དམ། དེ་འདྲ་རེད་དམ་ཞེས་གསུང་བཞིན་ཕེབས་སོང་། །

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Topic: དེ་འདྲ་རེད་དམ།

No comments found.

New comment