དོན་འགྲུབ་གཉིད་ལ་ཡུར་བ།

18/10/2016 20:49

གནའ་སྔ་མོ་ཞིག་ལ། གྲོང་འདབས་ཤིག་ཏུ་མི་ཚང་གཅིག་ཡོད། མི་ཚང་དེར་ནང་མི་གསུམ་ཡོད། ཕ་རྒན་ནི་ལྷམ་བཟོ་བ་ཞིག་དང་། མ་རྒན་ནི་སྔོ་ཚལ་འཚོང་མཁན་ཞིག་ཡིན།

ཕ་མ་དེ་གཉིས་ལ་བུ་དོན་འགྲུབ་ཅེས་པ་ཞིག་ཡོད། བུ་དོན་འགྲུབ་གྱིས་ནམ་རྒྱུན་མ་རྒན་ལ་སྔོ་ཚལ་བཙོང་རོགས་བྱེད་ཀྱིན་ཡོད།

ཉིན་ཞིག་ཁོང་གཉིས་ཀྱི་སྔོ་ཚལ་བཙོང་སར་རྒན་མོ་སྐྲ་དཀར་པོ། མིག་སྔོན་པོ། སྣ་ཀྱོག་གེ་བ། གདོང་པ་ཡོངས་རྫོགས་གཉེར་མས་ཁེབས་པ། ལག་པ་བྱ་སྡེར་འདྲ་བ་ཞིག་སྔོ་ཚལ་ཉོ་རུ་འོང་། 

རྒན་མོ་ལག་པ་བྱ་སྡེར་ཅན་དེས་སྔོ་ཚལ་ཡར་ཐུག་མར་སྲེ་བྱས་ནས། སྔོ་ཚལ་མང་པོ་བཙོག་པ་བཟོས། དོན་འགྲུབ་གྱི་སེམས་ལ་ཇི་འདྲའི་རྒན་མོ་བཙོག་པ་ཞིག་རེད་བསམ་ནས་བལྟས་བསྡད། 

རྒན་མོས་སྔོ་ཚལ་མང་པོ་ཉོས། ཨ་མས་བུ་དོན་འགྲུབ་རྒན་མོ་དེར་སྔོ་ཚལ་འཁུར་རོགས་ལ་མངག རྒན་མོ་དེས་དོན་འགྲུབ་གྲོང་འདབས་ཀྱི་ཁང་པ་ཆུང་ཆུང་ཞིག་གི་ནང་དུ་ཁྲིད། 

དོན་འགྲུབ་ཁང་པ་དེའི་ནང་དུ་ཐོན་དུས། 
ཁང་པའི་དེའི་ནང་དུ་ཟས་རིགས་ཀྱི་དྲི་མས་ཁྱབ་ཡོད་པས། སེམས་ལ་ཇི་འདྲའི་དྲི་མ་ཞིམ་པོ་བསམ། 


དེ་ནས་དོན་འགྲུབ་གཉིད་སོང་བའི་སྣང་བ་ཞིག་བྱུང་སྟེ། རྨི་ལམ་དུ་རྒན་མོ་དེས་ཟ་མ་བཟོ་སྟངས་བསླབས་པ་དང་།  ཁྱོད་ཟ་མ་བཟོ་བ་ལ་མཁས་པར་གྱུར་འདུག་ཅེས་པའི་སྐད་ཀྱིས་ཁོ་གཉིད་ལས་སད་པའི་སྣང་བ་བྱུང་།  


སྐབས་དེར་ཉི་མ་ནུབ་རིའི་རྒྱབ་ཏུ་བཞུད་ལ་ཡོད་པ་དང་། ཁ་ནས་ང་གཉིད་ལ་ཞོར་འདུག་ཅེས་ལབ་ཤོར་དུ། མགྱོགས་པོར་སྒོར་བུད་དེ་རང་གི་ཨ་མའི་སྔོ་ཚལ་བཙོང་སར་རྒྱུགས། 

དོན་འགྲུབ་ཨ་མའི་མདུན་དུ་ཐོན་དུས་ཨ་མའི་སྐྲ་དཀར་པོར་གྱུར། གདོང་གཉེར་མའི་ཁེངས་ནས།ཧ་ཅང་རྒས་འདུག་པ་མཐོང་། ཁོས་ཨ་མ། ཨ་མ་ལགས། དགོངས་དག་ང་ཅུང་འགོར་སོང་ཞེས་བཤད། 

མ་རྒན་མས་ཁོ་མཐོང་བ་དང་སྐྲག་སྣང་དང་བཅས། ང་ལ་ཁྱོད་འདྲ་བའི་བུ་མདོག་ཉེས་ཤིག་མེད། ང་ལ་ཐུབ་ཚོད་མ་བྱེད། ངའི་བུ་གྲོངས་ནས་ལོ་དགུ་ཡིན་ཞེས་བཤད། 

དེ་ནས་ཁོ་ཅི་བྱེད་འདི་བྱེད་མེད་པར་གྱུར་པ་དང་། རང་གི་ཨ་ཕའི་སར་རྒྱུགས། ཁོ་ནང་ལ་ཐོན་དུས། ཨ་ཕས་ལྷམ་ཞིག་བཙེམ་བཞིན་ཡོད་པ་དང་། ཁོ་ཡང་རྒས་ཡོད་པ་རེད། 

ཁོ་རྒྱུགས་ཐེངས་གཅིག་གིས་ཨ་ཕའི་མདུན་དུ་རྒྱུགས་ཏེ། ཨ་ཕ། ཨ་ཕ། ང་ཡིན། ང་དོན་འགྲུབ་ཡིན་ཞེས་བཤད། ཨ་ཕ་དངངས་སྐྲག་ལངས་པ་དང་། མ་རེད། མ་རེད། ཁྱོད་ངའི་བུ་མ་རེད། ངའི་བུ་ལོ་དགུའི་སྔོན་ལ་གྲོངས་ཚར་ཞེས་བཤད།

དེ་ནས་དོན་འགྲུབ་ཚོང་ཁང་ཞིག་གི་ནང་དུ་སོང་སྟེ་མེ་ལོང་ལ་བལྟས་པ་ན། ཁོ་རང་ཉིད་ཀྱང་ཧང་སངས། ཁོ་ནི་སྔོ་ཚལ་ཉོ་རུ་ཡོང་མཁན་གྱི་རྒན་མོ་དེ་དང་ཨ་ན་མ་ན་རེད། 

དེ་ནས་ཁོས་གཞི་ནས་རང་ཉིད་རྒན་མོ་དེས་ཁྲིད་དེ་ལོ་དགུ་སོང་ཡོད་པ་ཧ་གོ་བ་དང་། ཕ་མ་གཉིས་ཀྱིས་ངོས་མ་ཟིན་པར་ཁག་མི་འདུག་བསམ་སྟེ་ལས་ཀ་འཚོལ་དུ་ཕྱིན། 

དོན་འགྲུབ་གྱིས་ཟ་ཁང་ཞིག་ཏུ་མ་བྱན་གྱི་ལས་ཀ་བྱས་པ་དང་། ཁོ་ཟ་མ་གཡོ་སྦྱོར་ལ་ཧ་ཅང་མཁས་པས། ཅང་མ་འགོར་བར་ཟ་ཁང་དེའི་སྙན་གྲགས་ཡུལ་དེར་ཁྱབ།
ཉིན་ཞིག་ཟ་ཁང་དེའི་གྲགས་པ་ཡུལ་དེའི་རྒྱལ་བོས་ཐོས་ཏེ། ཟ་ཁང་དེར་ཟ་མ་ཟ་རུ་ཡོང་།  རྒྱལ་བོ་ཟ་ཁང་དེའི་ཟ་མའི་བྲོ་བ་ལ་ཡ་མཚན་ནས། དོན་འགྲུབ་རང་གི་གསོལ་དཔོན་ལ་བཞག

དེ་ནས་ཁོས་ཉི་མ་རེ་རེར་བྲོ་བ་མི་འདྲ་བའི་ཟ་མ་སྣ་ཚོགས་བཟོས་ཏེ། རྒྱལ་བོ་ཐུགས་རབ་ཏུ་དགྱེས་པ་དང་། ཁོ་རྒྱལ་བོའི་ནང་འཁོར་དུ་གྱུར། 

ཉིན་ཞིག་དོན་འགྲུབ་རྒྱལ་བོ་དང་ལྷན་དུ་སྲང་ལམ་ལ་སྐོར་བསྐྱོད་དུ་འགྲོ་དུས། རང་གི་ཨ་མ་རྒན་མོས་སྔོ་ཚལ་བཙོང་བཞིན་པ་མཐོང་སྟེ། མིག་ལས་མཆི་མ་ཟགས།


རྒྱལ་བོས་ཁོས་མིག་ཆུ་འདོན་བཞིན་པ་མཐོང་སྟེ། ཁོ་ལ་གནས་ཚུལ་ཅི་བྱུང་དྲིས། ཁོས་སྤ་གསང་མེད་པར་རང་གི་ལོ་རྒྱུས་ཆ་ཚང་རྒྱལ་བོ་ལ་ཞུས། 

རྒྱལ་བོས་དོན་འགྲུབ་གྱི་ཕ་མ་གཉིས་ཕོ་བྲང་དུ་གདན་དྲངས་པ་དང་། བཟའ་མི་ལྷན་འཛོམས་ཀྱི་དགའ་སྟོན་རྒྱ་ཆེན་པོ་བྱས་པ་ཏེ།བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་དུ་བཅུག་གོ། 

Topic: དོན་འགྲུབ་གཉིད་ལ་ཡུར་བ།

No comments found.

New comment