བསམ་ཉེས་གཅིག

31/08/2016 21:47

སྔ་མོ་ཞིག་ན། ཚོང་བ་ཞིག་ཡོད་པ་དེ་ཚོང་བྱེད་དུ་ས་གཞན་དུ་ཕྱིན། ལམ་བར་དུ་མེ་ཏོག་མང་སའི་སྤང་ཁུན་ཞིག་ན་ཤིང་སྡོང་ཞིག་ཡོད། ཚོང་བ་དེས་ཤིང་སྡོང་གི་འོག་ཏུ་ཅུང་ཙམ་ངལ་གསོས་ཏེ་བསྡད།  ཚོང་བའི་ཁ་སྐོམ་སྟེ་སེམས་ལ། ཆུ་ཕོར་བ་གང་འཐུང་རྒྱུ་བྱུང་ན་དགའ་བ་ལ་བསམ། བསམ་ཡུལ་ལས་འདས་པ་ཞིག་ལ། བློ་བུར་ཆུ་ཕོར་བ་གང་མདུན་དུ "ཏེན་དང" ཞེས་པའི་སྒྲ་དང་ལྷན་དུ་སླེབས་བྱུང་།  ཚོང་བས་ཆུ་ཕོར་བ་གང་བོ་འཐུང་སྟེ་སེམས་ལྷོད་ལ་བབས་ནས་བསྡད་ཡོད་སྐབས། ཟ་མ་ཞིམ་པོ་ཞིག་ཟ་རྒྱུ་བྱུང་ན་དགའ་བ་ལ་བསམ། ཡང་བསྐྱར་མདུན་མོག་མོག་དྲོན་པོ་རླངས་པ་འཁྱིལ་ལེར་ཡོད་པ་ཞིག་མདུན་དུ། "ཏེན་དང་" ཞེས་པའི་སྒྲ་དང་ལྷན་དུ་སླེབས་བྱུང་།  ཚོང་བས་མོག་མོག་ཟོས་ཏེ་གྲོད་ཁོག་རྒྱགས་རྗེས་གཉིད་བསམ་སྟེ། སེམས་ལ། མལ་ཁྲི་སྐྱིད་པོ་ཞིག་ཡོད་ན་དགའ་བ་བསམ། དེ་མ་ཐག་ཤིང་གི་མལ་ཁྲི་ཞིག་གི་སྟེང་ན། མལ་གདན་སྐྱིད་པོ་ཅན་ཞིག "ཏེན་ཏང" ཞེས་པའི་སྒྲ་དང་ལྷན་དུ་མདུན་དུ་སླེབས་བྱུང་། ཚོང་བ་དེ་མལ་ཁྲི་དེའི་སྟེང་དུ་སྐྱིད་ཉལ་བྱས་ཏེ་གཉིད།  ཕྱི་ཉིན་ཞོགས་པ་ཚོང་པ་གཉིས་ལས་སད་དུས། སེམས་ལ་ཁེར་རྐྱང་གི་ཚོར་སྣང་བྱུང་སྟེ། འདུག་རོགས་བུ་མོ་ཞིག་ཡོད་ན་དགའ་བ་བསམ། དེ་མ་ཐག བར་སྣང་ནས་བུད་མེད་ཤིན་ཏུ་མཛེས་བ་ལྷ་མོ་འདྲ་བ་ཞིག "ངའི་སྙིང་སྡུག" ཅེས་པའི་སྐད་ངག་འཇམ་པོ་ཅན་ཞིག་མདུན་དུ་ཐོན། ཚོང་བ་དེ་དང་བུད་མེད་མཛེས་མ་དེ་གཉིས་ཀྱིས་ཟས་རང་འགྲུབ་དང་གོས་རང་འགྲུབ་གྱི་འཚོ་བ་ལ་རོལ་ཏེ་ཅང་མ་འགོར་བའི་ཉིན་ཞིག་ལ། ཚོང་བ་དེའི་སེམས་ལ། གལ་སྲིད་རྐུན་མ་དང་ཇག་པ་བསླེབས་ཏེ་ངའི་བུད་མེད་འཕྲོག ཤིང་སྡོང་བཅད་པ་ཡིན་ན་ཅི་ཞིག་བྱ་དགོས་སམ་བསམ་པ་ན། དེ་མ་ཐག མདུན་གྱི་ལུང་མདོ་རུ་མི་རྟ་ཁག་ཅིག་ཐོན།  མི་རྟ་དེ་ཚོ་རྒྱུགས་ཐེངས་གཅིག་གིས་ཚོང་བའི་མགོར་བརྒྱུགས་ཏེ། བུད་མེད་འཕྲོག ཤིང་སྡོང་བཅད་དེ་ཁོ་གཅིག་བུ་ལག་ལ་ཅི་ཡང་མེད་པར་ཕྱིར་ཡུལ་དུ་ལོག་དགོས་བྱུང་། ཁོའི་སེམས་ལ། མི་ནི་བསམ་བློས་རྗེས་འབྲང་ཡིན་པ་དང་། བསམ་པ་ངན་ན་འབྲས་བུ་ངན་ལབ་པ་ཅི་མ་བདེན་བསམ་པ་དང་། དེ་ནས་ཁོ་བྱ་བ་ཅི་ཞིག་ལ་འཕྲད་ནའང་། བསམ་བློ་བཟང་ཕྱོགས་གཏོང་འེ་ཐུབ་ལ་འབད་དོ།།   

 

མཁས་གྲུབ་གྱིས་བསྡུ་སྒྲིག་དང་གཟུངས་ཕྱུག་སྐྱིད་ཀྱིས་ལེགས་བཅོས་བྱས།

 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག