བསམ་བློ་གཏོང་ཉེས།

24/07/2016 20:56

གནའ་སྔ་མོ་ཞིག་ན། ཁྱིམ་བདག་ཅིག་ཡོད། ཉིན་ཞིག་ཁྱིམ་བདག་དེ་ས་ཆ་གཞན་ཞིག་ཏུ་ཚོང་བྱེད་པར་སོང་བ་རེད།

ཁྱིམ་བདག་ཚོང་བྱེད་དུ་འགྲོ་བའི་ལམ་བར་དུ། མེ་ཏོག་མང་པོ་ཡོད་སའི་སྤང་ཁུག་ཅིག་ལ་ཐོན། སྤང་ཁུག་དེ་ན་ཤིང་སྡོང་ཞིག་ཡོད་པ་རེད། ཁྱིམ་བདག་དེ་ཤིང་སྡོང་གི་འོག་ཏུ་ངལ་གསོས་ཏེ་བསྡད།

དེ་ནས་ཁྱིམ་བདག་གི་ཁ་སྐོམ་ནས་སེམས་ལ། ཆུ་ཕོར་པ་གང་འཐུང་རྒྱུ་བྱུང་ན་དགའ་བ་ལ་བསམ། གློ་བུར་ཆུ་ཕོར་པ་གང་། "ཐག་ཐག་ " ཅེས་པའི་སྒྲ་ཞིག་དང་ལྷན་ཅིག་མདུན་དུ་ལྷུང་།

ཁྱིམ་བདག་གིས་ཆུ་ཕོར་པ་གང་བོ་དེ་འཐུང་ནས་སྡོད་ཞོར་སེམས་ལ། ཟ་མ་ཞིག་ཟ་རྒྱུ་བྱུང་ན་དགའ་བ་ལ་བསམ། དེ་མ་ཐག མོག་མོག་སྡེར་མ་གང་། "ཐག་ཐག་" ཅེས་པའི་སྒྲ་དང་ལྷན་ཅིག་མདུན་དུ་ལྷུང་།

ཁྱིམ་བདག་གིས་མོག་མོག་ཟོས་ཏེ། སེམས་ལ། ད་མལ་ཁྲི་ཞིག་ཡོད་ན་དགའ་བ་ལ་བསམ། དེ་མ་ཐག་མལ་ཁྲི་ཞིག་ "ཐག་ཐག་" ཅེས་པའི་སྒྲ་དང་ལྷན་ཅིག་མདུན་དུ་ལྷུང་།


ཁྱིམ་བདག་དེ་མལ་ཁྲི་དེའི་སྟེང་དུ་ཉལ་ནས་གཉིད། ཕྱི་ཉིན་ཁྱིམ་བདག་གཉིད་ལས་སད་དེ། སེམས་ལ། འདུག་རོགས་བུད་མེད་ཅིག་ཡོད་ན་དགའ་བ་ལ་བསམ། དེ་མ་ཐག བུད་མེད་ཅིག་གིས" ངའི་སྙིང་སྡུག" ཅེས་འབོད་ཞོར་མདུན་དུ་བསླེབས།

དེ་ནས་ཁྱིམ་བདག་དེ་དང་བུད་མེད་དེ་གཉིས་ཀྱིས་འཚོ་བ་སྐྱིད་པོར་རོལ་ནས་ཡོད་དུས། ཁྱིམ་བདག་གི་སེམས་ལ། ངའི་བུད་མེད་ཇག་པས་འཕྲོག ཤིང་སྡོང་རྐུན་མས་བཅད་པ་ཡིན་ན་ཅི་ཞིག་བྱ་བསམ་པ་ན། དེ་མ་ཐག ལུང་མདོ་རུ་མི་རྟ་སྐོར་ཞིག་གིས། ཀི་ཀི་བསྭོ་བསྭོ་ཞེས་ཀི་འདེབས་ཞོར་བསླེབས་ནས།

ཁྱིམ་བདག་གིས་བསམ་བློ་གཏོང་ཉེས་གཅིག་གིས་མི་རྟ་དེ་དག་གིས་ཁོའི་བུད་མེད་འཕྲོག ཤིང་སྡོང་བཅད་དེ་ཡོད་ཚད་ཤོར། དེེ་ནས་ནམ་མཁའ་ནས་སྒྲ་འདི་འདྲ་ཞིག་བྱུང་ངོ། "བཟང་ངན་ཐམས་ཅད་བསམ་པར་ཐུག །བསམ་པ་བཟང་ན་ཐམས་ཅད་བཟང་། །བསམ་པ་ངན་ན་ཐམས་ཅད་ངན། ། བསམ་པ་བཟང་ལ་གོམས་པར་བྱ།།"

 

མཁས་གྲུབ་གྱིས་བསྡུ་སྒྲིག་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

 

Topic: བསམ་བློ་གཏོང་ཉེས།

No comments found.

New comment