བྱིས་གླུའི་སློབ་གསོའི་ཕན་ནུས།

09/03/2013 23:04

དམངས་ཁྲོད་ཀྱི་བྱིས་གླུ་ནི་ངག་ཐོག་རྩོམ་རིག་གི་རྣམ་པ་མ་བཅོས་རང་གཟུགས་སུ་དོད་པའི་བྱིས་པའི་རྩོམ་རིག་གི་བྱེ་བྲག་ཅིག་ཡིན་ལ། བྱིས་པ་རྣམས་ཐོག་དང་པོར་རྩོམ་རིག་དང་འབྲེལ་འདྲིས་བྱུང་བའི་བརྩམས་ཆོས་ཀྱང་བྱིས་གླུ་ཉིད་ལས་མེད། དེར་ཉམས་དང་འགྱུར་བས་ལྟེམས་པའི་ལུས་ཀྱི་འགུལ་སྐྱོད་དང་ངག་གི་འགྱུར་ཁུགས། ཡིད་ཀྱི་འཆར་སྒོ་སོགས་ལྷན་དུ་འདྲེས་ཡོད་ཕྱིར། བྱིས་པའི་འཚོ་བ་དང་བར་ཐག་ཧ་ཅང་ཉེ་ཞིང་། སློབ་གསོའི་ངོ་བོ་དང་བསམ་བློའི་ངོ་བོ། སྒྱུ་རྩལ་གྱི་ངོ་བོ་སོགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ལྡན། དེའི་ཕྱིར། བྱིས་གླུ་འདི་བྱིས་པའི་སློབ་གསོ་ཡི་གལ་ཆེའི་བསླབ་ཚན་ཞིག་ཏུ་གཞན་རིགས་ཀྱི་མཁས་པ་མང་པོས་འདོད་ལ། དེ་ནི་བྱིས་གླུ་ཡི་རིན་ཐང་ལ་ཁས་ལེན་ཐོབ་པའི་རྟགས་མཚན་དུ་བརྩི་ཆོག བྱིས་པ་ཞིག་ལ་མཚོན་ན། ངག་གི་སྒོ་མོ་ཡངས་པོར་ཕྱེ་སྟེ་དབྱངས་ཀྱི་འགྱུར་ཁུགས་སྟབས་བདེ་ཞིག་རང་འདོད་བཞིན་འགུག་པ་ནི་རྒྱུད་ཀྱི་ཤེས་པ་བཅོས་མས་མ་བསླད་པ་ཞིག་སྟེ། དེ་ནི་མཐར་གཏུགས་ན་རོལ་རྩེད་ཀྱི་སྤྲོ་སྣང་འཚོལ་བའི་བྱ་བྱེད་ཅིག་ལས་མ་འདས། བྱིས་པའི་གླུ་གཞས་ལ་རོལ་རྩེད་ཀྱི་ཕན་ནུས་ལས་གཞན་ཕྱི་ལུས་ཀྱི་བདེ་ཐང་དང་ནང་ སེམས་ཀྱི་སྐྱིད་སྣང་ཚོར་བ་ལའང་ཐུན་མོང་མ་ཡིན་པའི་རམ་འདེགས་ནུས་པ་འདོན་བཞིན་ཡོད་དེ། གཙོ་བོ་གཤམ་གྱི་ཕྱོགས་འགའ་ནས་བརྗོད་ཆོག

གཅིག སྐད་ཆ་སྦྱོང་བའི་ནུས་པ།

སྤྱིར་བྱིས་གླུ་གང་ཡིན་ཡང་མིང་གི་བཀོལ་སྤྱོད་དང་ཚིག་གི་སྡེབ་སྟངས་ ཉིས་ཆར་བབ་ཆགས་པའི་ཁྱད་ཆོས་ཤིག་ཡོད་གཤིས། ལོ་ཆུང་བྱིས་པ་དག་གིས་ངག་ལ་འགུག་དུས་སྤྲོ་སྣང་གིས་ཁེངས་ཤིང་རྩེད་དགའི་འདོད་བློ་ཚིམ་པ་སྨོས་མ་དགོས་ལ། ཞ་དང་ཞོར་ལ་སྐད་ཆའི་ནུས་པའམ་བརྡ་སྤྲོད་པའི་ནུས་པ་མཐོ་རུ་འདེགས་པར་ཕན་ཐོགས་ཆེན་པོ་ཡོད། བྱིས་གླུ་མང་ཆེ་བ་ནི་འཚོ་བའི་ཁྲོད་ཀྱི་རྒྱུན་བཀོལ་ཐ་སྙད་བེད་སྤྱད་ནས་གྲུབ་ པ་ཡིན་ཞིང་། ཕལ་སྐད་ཀྱི་བྲོ་བ་སྟུག་ཅིང་ཟློས་སྒྲ་མང་བས་བྱིས་པས་གྱེར་སླ་ཞིང་ལོབས་སྐྱེན་ལ། སྙིང་བརྩེ་བའི་ཚོར་བ་རྣོན་པོ་ཞིག་གིས་ཁོ་ཚོའི་སེམས་ཁམས་ལ་སྤྲོ་སྣང་སྐྱེད་པ་ཡིན། བྱིས་གླུ་ལེན་པའི་གོ་རིམ་ཁྲོད་ནས་ཐ་སྙད་གསར་པ་དང་དངོས་པོ་གསར་པར་རྒྱུས་ལོན་དང་དེ་དག་དང་ལེན་བྱེད་པའི་ལྷན་སྐྱེས་ཀྱི་ནུས་པའང་སྔོག་འདོན་བྱེད་ནུས་པ་ཡིན། བྱིས་པས་ཀ་ཁ་ག་ང་དང་གཅིག་གཉིས་གསུམ་བཞི། ཉི་ཟླ་སྐར་གསུམ་སོགས་འཚོ་བའི་ནང་སྤྱོད་སྒོ་མང་ལ་མིག་མཐོང་ལག་ཟིན་དུ་གྱུར་པའི་དངོས་པོའི་མིང་རྣམས་གླུ་རུ་བླངས་པས། དེ་དག་གི་གཟུགས་དང་དོན་རྣམས་ཅི་ཡིན་མ་རྟོགས་ཀྱང་དེའི་བརྡ་དང་ཐ་སྙད་དག་སྔ་མོ་ནས་ཁ་རུ་བྱང་ཞིང་བློ་ལ་ཆུད་ཡོད་པས། སྨྲ་བརྗོད་ཀྱི་ལམ་ནས་ཕན་ཚུན་ལ་འབྲེལ་འདྲིས་བྱེད་པར་སྟ་གོན་བཟང་པོ་བྱས་ཡོད་པ་མིན་ནམ།དམངས་ཁྲོད་དུ་དར་བའི་བྱིས་གླུའི་གླུ་ཚིག་ཐུང་ཞིང་བབ་ཆགས་ལ་ལྷོད་ཤ་ལྡན་པར་མ་ཟད། ཉན་པ་པོའི་ཡིད་དབང་འགུག་པ་ཞིག་ཀྱང་རེད། འདི་ལྟ་བུའི་ཁྱད་ཆོས་འཛོམས་ཕྱིར་བྱིས་པ་ཚོས་ཚིག་སྦྱོར་སྙན་འཇེབས་ལྡན་ལ་གསོན་ཉམས་དོད་པ་མང་པོ་ཞིག་བློ་རུ་ངེས་ཤིང་། གོ་མེད་ཚོར་མེད་ངང་གོ་བརྡ་སྤྲོད་པའི་ནུས་པའང་ཇེ་ལེགས་སུ་འགྲོ་བཞིན་ཡོད། འདི་ལྟར་ཁྱད་གཞི་བརྗོད་པའི་མིང་དང་ཁྱད་ཆོས་བརྗོད་པའི་མིང་དང་བྱ་བ་བརྗོད་པའི་མིང་སོགས་གོམས་འདྲིས་སུ་གྱུར་པ་དང་། བྱ་བྱེད་ལས་གསུམ་ཚང་བའི་ཚིག་གྲུབ་བེད་སྤྱོད་པའི་གྲངས་ཚད་ཇེ་མང་དུ་སོང་བས། སློབ་གྲྭའི་སློབ་གསོའི་བྱ་གཞག་ལའང་རྨང་གཞི་
ལེགས་པོ་བཏིངས་ཤིང་མཐུན་རྐྱེན་ གང་ལེགས་བསྐྲུན་ཡོད་པ་ནི་བསྙོན་དུ་མེད་དོ། །

བོད་རིགས་དམངས་ཁྲོད་ཀྱི་བྱིས་གླུ་ལ་རིགས་སམ་རྣམ་གྲངས་ཤིན་ཏུ་མང་པོ་ཞིག་ཡོད་ལ། དེ་དག་ལས་བྱིས་པའི་ཁ་ལྕེ་སྦྱོང་བའི་གླུ་ཞིག་བཀོད་ན།“ཕར་རི་རི་ལ་ར་ཡུ་ལུ་ཞིག ཚུར་རི་རི་ལ་ལུག་ཡུ་ལུ་ཞིག ཕར་རི་རི་ཡི་ར་ཡུ་ལུ་ཡ་རབས་དང་། ཚུར་རི་རི་ཡི་ལུག་ཡུ་ལུ་ཡ་རབས། དེ་ཕ་རི་རི་ཡི་ར་ཡུ་ལུ་ལས་ཡ་རབས།”ཞེས་པ་ལྟ་བུར་མཚོན་ན། ཚིག་ཉུང་ལ་དོན་ཡང་ཆེན་པོ་ཞིག་མེད་མོད། འོན་ཀྱང་། དེའི་ནང་གི་མིང་བརྡ་དེ་དག་གི་སྐྱེ་གནས་དང་ཡིག་གཟུགས་གང་ཐད་ནས་འདྲ་ཆེ་བས། སྒྲ་དག་ཅིང་གདངས་གསལ་བོར་བཀླག་དགོས་ན་རིག་པ་བསྒྲིམས་ནས་བཀླག་དགོས། དེ་ལྟར་མིན་ཚེ་བྱིས་པ་ཕར་ཞོག་དར་མ་ཡིན་ཡང་མ་འཆུག་མ་ནོར་བར་བཀླག་རྒྱུ་དཀའ་ མོ་རེད། དེའི་ཕྱིར། འདི་དང་འདི་ལྟ་བུའི་བྱིས་གླུ་མང་པོ་ཞིག་བྱིས་པ་དང་ན་གཞོན་གང་ཡིན་ཡང་སྒྲ་བརྗོད་ཀྱི་ནུས་པ་སྦྱོང་རྡར་བྱེད་པ་ལ་ཕན་ཐོགས་ཆེ་བ་བཤད་མ་དགོས་ལ། སྨྲ་བརྗོད་ཀྱི་ནུས་པ་ཇེ་ལེགས་སུ་གཏོང་བར་འདི་ལྟ་བུའི་སྨྲ་སྒོ་སྦྱོང་བའི་ བྱིས་གླུ་གང་མང་རྒྱུ་ཆ་གལ་ཆེན་དུ་འཛིན་འོས།བྱིས་གླུའི་ནང་དུ་ཕྲད་ཤིན་ཏུ་ ཉུང་ལ་དངོས་པོའི་མིང་དང་བྱ་བའི་མིང་། ཆོས་བརྗོད་ཀྱི་མིང་། གྲངས་ཀྱི་མིང་སོགས་བཀོལ་ཁྱབ་ཆེ་བས། བྱིས་པས་ཐ་སྙད་གསོག་ལོབ་ཡོང་བར་དགེ་མཚན་ཆེན་པོ་འདོན་བཞིན་ཡོད། མིང་དང་ཐ་སྙད་ཀྱི་གྲངས་འབོར་ཇེ་མང་དུ་སོང་བ་ལས་བྱིས་པའི་བསམ་གཞིག་གི་ནུས་པའང་གཏན་ཚིགས་དང་ལྡན་པར་འགྱུར་བཞིན་ཡོད་ལ། བྱ་དངོས་ཕན་ཚུན་བར་གྱི་འབྲེལ་བའི་སྐོར་ལ་ངེས་ཤེས་གསར་པ་སྐྱེད་ཅིང་། འགལ་བའི་མངོན་ཚུལ་ལའང་གོ་བ་གསར་པ་རྙེད་སྲིད་དེ། དྲི་བ་དྲིས་ལན་གྱི་གླུ་ལྟ་བུར་མཚོན་ན། དྲི་བ་འདྲི་མཁན་དང་དྲིས་ལེན་འདེབས་མཁན་གང་ཡིན་ཡང་། གཏན་ཚིགས་ངེས་ཅན་ཞིག་ལ་གཞི་བཅོལ་བ་ལས་གང་འདོད་དུ་ལན་འདེབས་པ་མིན་ལ། དེ་དག་གི་བར་དུ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཤུགས་ན་གནས་ཕྱིར། སྐད་ཆ་དང་བསམ་གཞིག་ཕྱོགས་གཉིས་ཀའི་སྦྱོང་རྡར་དང་འཕེལ་རྒྱས་ལ་སྐུལ་ལྕག་ནུས་ པ་འདོན་བཞིན་ཡོད། དེ་ལས་གཞན། བྱིས་གླུའི་དབྱངས་འགྲོས་ཀྱིས་བྱིས་པར་རོལ་མོའི་ལོངས་སྤྱོད་ཉམས་སུ་མྱོང་དུ་བཅུག་པའི་ཞོར་ལ། ཤོག་བུ་སྣུམ་གྱིས་ཟོས་པ་བཞིན་སྐད་ཆའི་ཚོར་བ་ཇེ་རྣོ་དང་བརྗོད་སྟངས་ཀྱི་ཁྱད་ པར་ཇེ་གསལ་དུ་འགྱུར་ལ། སྒྲ་རྒྱན་དང་སྐོར་བའི་རྒྱན་སོགས་ཀྱིས་བརྒྱན་པའི་བརྗོད་པ་དག་གི་དོན་དང་བཀོལ་ སྟངས་ཐད་ལ་ངེས་ཤེས་གསལ་བོ་མེད་ཀྱང་། ཁ་ནས་ཐོགས་མེད་དུ་ལེན་པར་ཚོད་འཛིན་ཐེབས་མེད་པས། རོལ་མོའི་སྒྱུ་རྩལ་གྱི་སློབ་གསོ་དང་བློ་སྦྱོང་ཕྱོགས་ལ་དངོས་ཤུགས་ཅི་རིགས་ ནས་ནུས་པ་ཆེན་པོ་ཐོན་ཡོད་དོ། །
གཉིས། བློ་སྒོ་འབྱེད་པའི་ནུས་པ།
བྱིས་པའི་ཤེས་རིག་གི་ཆུ་ཚད་དམའ་ཞིང་འཚོ་བའི་ཉམས་མྱོང་ཞན་པས་བྱིས་ གླུ་མང་ཤོས་ཀྱི་ནང་དོན་སྟབས་བདེ་ཡིན་ལ། སྤྱིར་བཏང་གི་འཚོ་བའི་རྣམ་པ་དང་ཡུལ་ཆོས་ཀྱི་ཆོ་ག ཉི་ཟླ་གཟའ་སྐར་གྱི་རྒྱུ་བ། ཆར་རླུང་ཐོག་གློག་གི་འགྱུར་བ། གནམ་གཤིས་དྲོ་གྲང་གི་འགྱུར་ལྡོག་སོགས་རང་བྱུང་གི་རྣམ་པ་དང་། ཡང་ན་བྱ་བྱེའུ་འབའ་འབུ་ཡིས་གཙོས་པའི་སྲོག་ཆགས་ཀྱི་རིགས་དང་རྩྭ་རྩི་མེ་ཏོག་ དང་ལྗོན་ཤིང་གིས་མཚོན་པའི་སྐྱེ་དངོས་ཀྱི་རིགས། ད་དུང་ཚོན་མདངས་རྣམ་པར་བཀྲ་བའི་ཁ་དོག་སྣ་ཚོགས། གྲངས་ཀྱི་རིག་པ་གསལ་བར་མཚོན་པའི་ཨང་རྩིས་སོགས་དང་འབྲེལ་བའི་རྟོག་འཆར་སོགས་ ཉམས་ལྡན་ལ་ཡིད་དབང་འཕྲོག་པར་མ་ཟད། བྱིས་པའི་བློ་ཡི་འཁྱེར་སོ་དང་ཤིན་ཏུ་འཕྲོད་ལ། བརྗོད་བྱའི་ནང་དོན་སྣ་ཚོགས་ཐགས་སུ་བཀྲ་བས་བྱིས་པའི་མཚར་འཛིན་གྱི་བློ་དང་ ཤེས་འདོད་ཀྱི་བསམ་པ་ཚིམ་པར་བྱེད། དེའི་ཕྱིར། བྱིས་པས་བྱིས་གླུའི་ཁྲོད་ནས་ཤེས་བྱ་གསར་པ་དང་ཉམས་མྱོང་གསར་པ་རྙེད་ཐུབ་པ་ སྨོས་ཅི་དགོས། བྱིས་གླུ་མང་ཆེ་བར་བརྗོད་བྱ་སྟབས་བདེ་ཞིག་བཀོད་དེ།དེའི་སྐོར་གྱི་ཤེས་བྱ་དག་ ཉམས་ལྡན་པའི་ཚིག་སྦྱོར་གྱི་ཤུགས་ལ་ཐོན་པར་བྱས་ཡོད་པས། ཁོ་ཚོས་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་སྤྱི་ཚོགས་འཚོ་བའི་རྣམ་པ་དག་ཤེས་རྟོགས་ བྱེད་པར་རམ་འདེགས་ཀྱི་ནུས་པ་ཐོན་ཐུབ་ལ། ཤེས་རབ་འཕེལ་ཞིང་བསམ་གཞིག་གི་ནུས་པ་ཡང་བསྐྱེད་ཡོང་། དཔེར་ན། སྐྱེ་དངོས་སྲོག་ཆགས་ཕྲ་རགས་སྣ་ཚོགས་ཀྱི་རྣམ་པ་དང་ཁྱད་ཆོས། ཉི་ཟླ་གཟའ་སྐར་དང་ནམ་ཟླ་དུས་ཚིགས་ཀྱི་འགྱུར་ལྡོག རང་བྱུང་དང་སྤྱི་ཚོགས་ཀྱི་རྒྱུན་ཤེས། གྲངས་ཀ་དང་དུས་ཚོད་ཀྱི་གོ་རིམ་སོགས་གསལ་དག་བདེ་གསུམ་གྱིས་ངོ་སྤྲད་ཡོད་པས། བློ་རྒྱ་སྐྱེད་པ་དང་གསར་གཏོད་ཀྱི་ནུས་པའང་སྔོག་སྤེལ་བྱེད་ཐུབ། ཚན་རིག་པ་ཆེན་མོ་ཨེ་དབྱིན་སི་ཐན་གྱིས“མིའི་རིགས་ཀྱི་བསམ་པའི་བློ་ བཀོད་ནི་ ཤེས་བྱ་ལས་གལ་ཆེ་སྟེ། རྒྱུ་མཚན་ནི་ཤེས་བྱ་ལ་ཚད་ཡོད་པ་དང་མིའི་བསམ་པའི་བློ་བཀོད་ཀྱི་ནུས་པར་འཇིག་ རྟེན་འདིའི་ཡོད་ཚད་འདུ་ཞིང་། ཤེས་རིག་འཕེལ་འགྱུར་གྱི་གཞི་རྩ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོའང་ཡིན་ ནོ”ཞེས་གསུངས་ལ། བྱིས་པའི་དུས་སྐབས་ནི་བསམ་གཞིག་གི་ནུས་པ་སྐྱེད་སྲིང་དང་། འཆར་ཡན་གྱི་ནུས་པ་གོང་འཕེལ་དུ་འགྲོ་བའི་དུས་རིམ་ཆེས་བཟང་ཤོས་ཡིན་ཞིང་། དེ་ནི་སོན་འདེབས་པ་ལ་དཔྱིད་ཀྱི་དུས་ཚིགས་འདི་འཛུར་མི་རུང་བ་ཇི་བཞིན་ནོ། ། དཔེར་ན། “ཤར་འབྲོང་འབྲོང་སེ་མ་ལ་གཅིག་བྱས།ཤར་འབྲོང་འབྲོང་སེ་མ་ལ་གཉིས་བྱས།ཤར་འབྲོང་ འབྲོང་སེ་མ་ལ་གསུམ་བྱས།ཟོམ་ལེབ་མ་གཅིག་བྱས། ཟོམ་ལེབ་མ་གཉིས་བྱས། ཟོམ་ལེབ་མ་གསུམ་བྱས། གསུམ་བྱས་ནས་རྟིང་མ་གཅིག་བྱས། རྟིང་མ་གཉིས་བྱས། རྟིང་མ་ལ་གསུམ། གསུམ་བྱས་ནས་སྣ་ཁུག་མ་གཅིག་བྱས།སྣ་ཁུག་མ་གཉིས་བྱས།སྣ་ཁུག་མ་ལ་གསུམ།གསུམ་ བྱས་ནས་བཅོ་ལྔ་ལན།བཅུ་དྲུག་ལན། བཅུ་བདུན་ལན།བཅོ་བརྒྱད་ལན།བཅུ་དགུ་ལན།ཉི་ཤུ་ལན།”ཞེས་པ་ལྟ་བུར་མཚོན་ན། གྲངས་རིག་པའི་སྣོན་འཕྲི་བགོ་གསུམ་གྱི་ཤེས་བྱར་སྦྱངས་པ་བྱས་པར་མ་ཟད། བྱིས་པའི་བསམ་གཞིག་གི་ནུས་པ་དང་གསར་གཏོད་ཀྱི་ནུས་པ་གོང་འཕེལ་དང་ཞིབ་ཚགས་ཅན་ དུ་བསྒྱུར་བར་ཕན་ལ། ནུས་པ་འདིའི་རིགས་སྦྱོང་རྡར་དང་གོང་འཕེལ་དུ་འགྲོ་བ་ལ་བྱིས་གླུ་ནུས་ལྡན་ཡིན་ པའང་མ་སྒྲུབ་རང་འགྲུབ་ཏུ་གྱུར་འདུག་གོ །


གསུམ། སེམས་ཁམས་གསོ་བའི་ནུས་པ།
བྱིས་པ་ནི་མ་འོངས་པའི་སྤྱི་ཚོགས་ཀྱི་གསར་གཏོད་པ་ཡིན་ལ། འགྲོ་བ་མིའི་མདུན་ལམ་འོད་སྟོང་འབར་བ་ཞིག་ཏུ་བསྐྲུན་དགོས་ན། གཙོ་བོ་བྱིས་པའི་སེམས་ཁམས་དང་གཤིས་སྤྱོད་གང་འདྲ་ཞིག་སྐྱེད་སྲིང་བྱ་རྒྱུ་ དེར་རག་ལས། བྱམས་པའི་ཆར་གྱིས་མ་བརླན་ཞིང་བརྩེ་བའི་དྲོད་ཀྱིས་མ་བསྐྱངས་པའི་སེམས་རྒྱུད་ གཉོམ་པོ་ཞིག་གིས་ཚོན་མདངས་རྣམ་པར་བཀྲ་བའི་མི་ཚེའི་འཆར་འགོད་རི་མོ་ཞིག་འབྲི་ ཐབས་མེད་ལ། མིའི་རིགས་ཀྱི་སེམས་ཁོང་དུ་རེ་བས་བརྟས་པའི་བདེ་སྐྱིད་ཕུན་ཚོགས་ཀྱི་འཚོ་བ་ གསར་པ་ནི་དེ་ལས་ཀྱང་གསར་གཏོད་བྱེད་དཀའ་བ་ཞིག་རེད། དེའི་ཕྱིར། བྱིས་པའི་མི་ཚེའི་མྱོང་བ་དང་ཤེས་རྟོགས་ཀྱི་ནུས་པ་ཕུན་སུམ་ཚོགས་པ་དང་གཏིང་ ཟབ་ཏུ་བཏང་སྟེ། ཡ་རབས་ཚུལ་ལྡན་དང་གཤིས་འཇམ་གཞུང་དྲང་གི་མི་གཤིས་ལེགས་པོ་སྐྱེད་སྲིང་བྱེད་ན། སེམས་ཁམས་བདེ་ཐང་གི་སློབ་གསོ་གཏོང་རྒྱུ་ནི་ཆེས་གལ་ཆེན་ནང་གི་དོན་ཆེན་རེད། སེམས་ཁམས་ལ་གནད་དོན་ཡོད་པའི་བྱིས་པ་ཞིག་གིས་མདུན་ལམ་ཡག་པོ་ཞིག་རྙེད་མི་ཐུབ་ ལ། གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཀྱང་ལེན་དཀའ་མོ་རེད།
བཞི། སྤྱོད་བཟང་སྐྱོང་བའི་ནུས་པ།
གནའ་ནས་ད་བར་དུ་བྱིས་པ་ནི་བཟའ་ཚང་གང་བོའི་བརྩེ་སེམས་ཀྱི་འོ་ཞོ་ལྡུག་ སའི་ཕོར་བ་སྙིང་རྗེ་བོ་དེ་ཡིན་ལ། བྱིས་པ་འཚར་ལོངས་འབྱུང་བའི་གོ་རིམ་ནི་བཟའ་མི་ཀུན་གྱིས་ཐུགས་སྣང་འཇོག་ས་དང་ རེ་ལྟོས་འཆང་བའི་ཀྱག་ཀྱོག་གི་གོ་རིམ་རིང་མོ་ཞིག་སྟེ། གོ་རིམ་འདིའི་ཁྲོད་དུ་ཕ་མ་སྤུན་མཆེད་དག་གིས་སྙན་པའི་ངག་དང་བདེ་མོའི་ཚིག་ གིས་བྱིས་པའི་སེམས་ལ་བརྩེ་འདང་གི་དྲོད་འཇམ་ཡང་ཡང་བསྐྱལ་ཡོད་པ་རེད། དཔེར་ན།
“ལོ་ལོ་མ་ངུ་གཉིད་ལ་སྡོད། ། གཉིད་ལ་སྡོད་དང་རྟ་ཞིག་སྟེར། །རྟ་ལ་སྲབ་ཅིག་བསྐོན་ལ་སྟེར། ། རྟ་རྔ་མདུད་པ་རྒྱག་ལ་སྟེར། །……ལོ་ལོ་མ་ངུ་གཉིད་ལ་སྡོད། །གནམ་གྱི་སྐར་མ་འཛིན་ལ་སྟེར། །ས་ཡི་མེ་ཏོག་བཏོག་ལ་སྟེར། །ལོ་ལོ་མ་ངུ་གཉིད་ལ་སྡོད། ། ལོ་ལོས་སྐྱིད་ཅིག་རིག་རྒྱུ་རེད”ཅེས་པ་ལྟ་བུར།ཕ་མས་རང་གི་བུ་དང་བུ་མོར་བཅངས་ པའི་བརྩེ་འདང་དེ་ཤུགས་དྲག་པོས་མཚོན་ཡོད་ལ། དབྱངས་ཀྱི་འགྱུར་ཁུགས་སྙན་མོ་འདིའི་ཁྲོད་ནས། བྱིས་པ་རྣམས་ཞེ་ལྷོད་པོས་གཉིད་ལ་རོལ་ཐུབ་པ་དང་། ཕ་མ་དང་བུ་ཕྲུག་བར་གྱི་བརྩེ་འདང་དེ་སྔར་ལས་བརྟན་པོ་ཡོང་ངེས། འདི་ལྟ་བུའི་བྱིས་གླུར་ཐད་ཀར་བྱིས་པའི་ཀུན་སྤྱོད་ཡ་རབས་ཚུལ་ལྡན་དུ་གཏོང་ བའི་སློབ་གསོའི་ཁྱད་ཆོས་མངོན་མེད་མོད། འོན་ཀྱང་། འདི་ནི་བྱིས་གླུའི་ཁྱད་ཆོས་ཤིག་ཏུ་ངོས་གཟུང་ཆོག་སྟེ། རྒྱའི་བྱིས་པའི་རྩོམ་རིག་སྨྲ་པ་པོ་ཀྲོའུ་ཙོ་རིན(周作人)གྱིས“བྱིས་ གླུར་ཞིབ་ འཇུག་བྱེད་པའི་ཕན་ནུས་ནི་བྱིས་པར་སློབ་གསོ་གཏོང་བའི་ཆ་ཞིག་ཀྱང་ལྡན་མོད། ཡིན་ནའང་། དེའི་བཟང་ཆ་ནི་སྒྱུ་རྩལ་གྱི་ངོ་བོ་ཅན་ཞིག་ལས་བསླབ་བྱའི་ངོ་བོ་ཅན་ཞིག་ མིན”པར་བརྗོད་པའི་གནད་ཀྱང་འདི་ལ་ཐུག་འདུག མིའི་སྤྱོད་པ་བཟང་ངན་དེའང་སེམས་ཀྱི་ཀུན་སློང་དང་ལུས་ཀྱི་སྤྱོད་ལམ་གཉིས་ཀའི་ བཟང་ངན་ལ་བྱ་བ་ཡིན་ལ། སྤྱོད་ལམ་བཟང་ངན་དེ་བསམ་པ་བཟང་ངན་ལ་རག་ལས་པས། ཆེས་གཙོ་ཆེ་བ་ནི་ནང་གི་སེམས་རྒྱུད་ལེགས་པོར་གཏོང་རྒྱུ་དེ་གལ་ཆེ། དེས་ན། ནང་གི་སེམས་རྒྱུད་བཟང་པོ་དེ་ཁ་ནས་ཚིག་བརྗིད་པོ་རེ་བཤད་དེ་ཁ་ཏ་བསླབ་བྱ་བྱས་ པ་ཙམ་གྱིས་མི་ཆོག་པར། སེམས་པ་དང་སེམས་པའི་བར་ཐག་དེ་ནི་ཇི་ལྟར་ཇེ་ཉེར་གཏོང་ཐུབ་ན་དེ་ལྟར་བཟང་ལ། བར་ཐག་དེ་ཇེ་ཐུང་དུ་གཏོང་བར་བྱིས་གླུ་སྙན་མོ་ཞིག་གི་ཕན་ནུས་དེ་བསླབ་བྱ་བཙན་ པོ་ཞིག་གི་བྱིན་རླབས་ལས་ལྡབ་འགྱུར་གྱིས་ཆེའོ། །

ལྷ་ཆབ་སྦྱིན་པས་བྲིས།