མ་བུ་གཉིས་ཀྱི་ཁ་བརྡ།

22/11/2012 17:43

དཔལ་ལྡན་རྒྱལ་གྱིས་བྲིས།

ངའི་བཟའ་ཟླ་དང་། ལོ་བཞིར་སོན་ལ་ཉེ་བའི་བུ་གཉིས་ཀྱིས་ཁ་བརྡ་བྱེད་བཞིན་འདུག
ངས་ཉན་པ་ཡིན།
བུ་ཡིས་ཨ་མར། "ངའི་སྤོ་སྤོདང་། རྨོ་རྨོ་གཉིས་ང་ལ་དགའ་བོ་མེད་པ་ཨེ་རེད།" ཞེས་དྲིས།
"གཅེས་ཕྲུག ཁྱེད་ཀྱིས་དེ་ལྟར་བསམ་དོན་ཅི་ཡིན།" ཞེས་ཨ་མས་དོ་སྣང་ཆེན་པོས་ངང་དྲིས་བྱུང་།
བུ་ཡིས། "རྒྱུ་མཚན་ནི་ངའི་སྤོ་སྤོ་དང་། རྨོ་རྨོ་གཉིས་ང་ལ་ཐེངས་གཅིག་ཀྱང་ལྟ་རུ་ཡོང་མ་སོང།" ཟེར།
ཨ་མས་ལན་ཅི་ཡང་མ་བཏབ་པར་ཁུ་སིམ་མེར་གྱུར།
སྐབས་དེར་ངས་མ་བུ་གཉིིས་ལ་ཤེས་སུ་མ་འཇུག་པར་རང་གི་མིག་ཆུ་ཕྱིས་པ་ཡིན།
ཡུད་ཙམ་རྗེས་སུ། ཨ་མས། "གཅེས་ཕྲུག ཁྱེད་ཀྱི་སྤོ་སྤོ་དང་། རྨོ་རྨོ་གཉིས་ཁྱེད་ལ་ཞེ་དྲག་དགའ་བོ་ཡོད་པ་མ་ཟད། ཁོང་གཉིས་ཀྱིས་ཁྱེད་ཞེ་དྲག་དྲན་བཞིན་ཡོད་པ་རེད།" ཟེར།
"ཁོང་གཉིས་གང་དུ་ཡོད་པ་རེད།" ལོ་བཞི་ལ་སོན་གྲབས་ཡོད་པའི་བུ་ཡིས་ཤེས་འདོད་ཆེན་པོའི་ངང་དྲིས།
ཨ་མས། "ཁྱེད་ཀྱི་སྤོ་སྤོ་དང་། རྨོ་རྨོ་གཉིས། བོད་ཅེས་པའི་ཆེས་མཐོ་བའི་འཛམ་གླིང་གི་རྩེ་མོར་ཡོད་པ་རེད།"ཅེསལན་བཏབ།
" ཨོ། ང་ལ་ཐབས་ཤེས་ཞིག་འདུག ང་ཚོ་ཐད་འཕུར་གནམ་གྲུར་བསྡད་ནས་སྤོ་སྤོདང་། རྨོ་རྨོ་གཉིས་ལ་བལྟ་རུ་འགྲོ།" ཟེར།
ཨ་མས་བུ་ལ་འཐམ་ནས་ངུས་བྱུང་།
ངས་ཁོང་གཉིས་ལ་ཤེས་སུ་མ་འཇུག་པར་ཡར་སྐྱར་མིག་རང་གི་མིག་ཆུ་ཕྱིས་པ་ཡིན།

Topic: མ་བུ་གཉིས་ཀྱི་ཁ་བརྡ།

No comments found.

New comment