མི་རྒོད་ཀྱིས་འདྲེ་རྒོད་བཏུལ།

12/07/2016 13:36

དེ་སྔོན་སྡེ་བ་ཞིག་ན་བུ་སྤུན་གཉིས་ཡོད།  བུ་སྤུན་གཉིས་ཀྱིས་རྟ་ཞོན་ནས་མེ་མདའ་ཁུར་ཏེ་རི་དྭགས་བརྔོན་དུ་ཕྱིན། ཁོང་གཉིས་ཀྱིས་རི་དྭགས་ཤ་བ་ཞིག་བསད་དེ་ཕྱིར་ཡུལ་ལ་ལོག་པའི་ལམ་བར་དུ་མི་རྟ་གཉིས་ཀ་ཐང་ཆད་ནས་ངལ་གསོ་ས་ཞིག་བཙལ། ཉི་མ་ནུབ་སྟེ་ས་རུབ་ལ་ཉེ་བ་ན། ལམ་མདོ་ཞིག་ཏུ་ཁང་སྟོང་ཞིག་མཐོང་། ཁང་སྟོང་དེའི་ནང་དུ་ཁོང་གཉིས་ཀྱིས་ངལ་གསོས་ནས་ནུབ་ཟས་བསྐོལ། སྤུན་ཆེ་བ་ཁང་བའི་རྒྱང་མཐོང་ཁར་ཉལ། སྤུན་ཆུང་བ་ཁང་བའི་འོག་ཤོད་དུ་ཉལ་ནས་རྟ་སྲུང་། 

ནམ་ཕྱེད་ཙམ་ལ་ལུང་བའི་ཕུགས་ནས་སྒྲ་ཆེན་པོ་ཞིག་གྲགས་པ་དང་ལྷན་དུ། མིག་གཅིག་ཅན་གྱི་འདྲེ་ཆང་རྫ་འདྲ་བ་མང་པོ་ཁོང་གཉིས་སྡོད་སའི་ཁང་བའི་ནང་དུ་བསླེབས། འདྲེ་ཆང་རྫ་འདྲ་བ་དེ་ཚོའི་ཁྲོད་དུ། འདྲེ་ཁྱི་མགོ་ཅན། མིག་བྱ་སྒོང་འདྲ་བ་གཅིག་ཡོད་པ་དང་། འདྲེ་དེ་རྩམ་སྒམ་སྟེང་ལ་བསྡད་དེ། གདོན་ཕྲུག་ཚོ། དོ་ནུབ་གྱི་ཟ་མ་ཁྱེར་ཤོག་ཟེར། 

དེ་ནས་འདྲེ་ཆང་རྫ་འདྲ་བ་གསུམ་བཞི་ཞིག་འོག་ཤོད་ལ་སོང་སྟེ། སྤུན་ཆུང་བ་དྲུད་ཡོང་ནས། རྒྱལ་པོ་ལགས། ཟ་མ་འདིར་ཡོད་ཅེས་སྤུན་ཆུང་བ་འདྲེ་ཁྱི་མགོ་ཅན་གྱི་མདུན་དུ་གཡུག དེ་ནས་འདྲེ་ཁྱི་མགོ་ཅན་གྱིས། གདོན་ཕྲུག་ཚོ། ཁང་སྟེང་གི་མི་དེ་ཁྲིད་ཤོག་ཟེར། འདྲེ་ཆང་རྫ་འདྲ་བ་བཞི་ལྔ་ཞིག་ཡར་རྒྱུགས་ཡོང་།  སྐབས་དེར། སྤུན་ཆེ་བས་མེ་མདའི་ཁོག་ལ་མདའ་གཅིག་དེད་པ་དང་། མགོ་ལ་མཚོན་སུང་བཞག་སྟེ་བསྒུག་ནས་བསྡད། ཆང་རྫ་འདྲ་བའི་འདྲེ་ཕྲུག་དེ་ཚོ་ཡར་སྐས་མགོར་སླེབས་དུས། ཨ། མི་དེ་མེ་ནང་དུ་འདུག་ཅེས་སྐད་ངན་རྒྱག་ཤོར་དུ་ཕྱིར་བྲོས། འདྲེ་ཁྱི་མགོ་ཅན་གྱིས་ཆང་རྫ་འདྲ་བའི་འདྲེ་ཕྲུག་གཞན་པ་བཞི་ལྔ་ཞིག་ཡང་བསྐྱར་མངག་ནའང་། སྔར་ལྟར་ཁ་ནས། ཨ། ཞེས་ཕྱིར་བྲོས། 

 

དེ་ནས་འདྲེ་ཁྱི་མགོ་ཅན་ཁོང་ཁྲོ་རབ་ཏུ་ལངས་ཏེ། རྩམ་སྒམ་ཐོག་ནས་མར་མཆོང་སྟེ་རྒྱུགས་ཡོང་། ཁོ་ཡར་སྐས་མགོར་ཐོན་དུས། སྤུན་ཆེ་བས་མེ་མདས་འདྲེ་ཁྱི་འགོའི་མིག་བྱ་སྒོང་འདྲ་བ་དེ་ལ་གཅིག་བརྒྱབ། དེ་ནས་ལུང་བ་སྐད་ཅོར་གྱིས་ཁེངས་། ཁང་བའི་ནང་དུ་ཁྲག་ཤུལ་ཙམ་ལས། འདྲེ་ཆང་རྫ་འདྲ་བ་ཚང་མ་འཇའ་ཡལ་བ་ལྟར་མེད་པར་གྱུར། 

 

སྤུན་ཆེ་བ་དེ་མ་ཐག་མར་རྒྱུགས་ཏེ། སྤུན་ཆུང་བ་ཁྲིད་ནས་བྲོས། ཁོང་གཉིས་རྒྱུགས་ཐེངས་གཅིག་ལ། སྒོམ་ཆེན་ཞིག་ཡོད་པ་དེའི་དྲུང་དུ་ཕྱིན་ཏེ། ཕྱག་འཚལ་བ་དང་ཡོང་དོན་ཆ་ཚང་ཞུས།  སྒོམ་ཆེན་དེས་སྤུན་དེ་གཉིས་ལ་ཁྲུས་བྱས་པ་དང་བུམ་ཆུ་བླུད་དེ།  སྤུན་ཆེ་བ་ལ་ཁྱོད་ཀྱིས་འདྲེ་བཏུལ་བ་མ་ཟད། སྤུན་ཆུང་གི་སྲོག་ཀྱང་སྐྱབས་འདུག  མི་རྒོད་ཀྱིས་འདྲེ་རྒོད་བཏུལ་ཟེར་བ་འདི་རེད། ཅེས་ཁོང་གཉིས་ལ་ཕྱག་མདུན་རེ་གནང་སྟེ་ཕྱིར་ཡུལ་ལ་མངག་པའོ།།

 

ལྕགས་མོ་འཚོས་ལེགས་བཅོས་དང་མཁས་གྲུབ་གྱིས་བསྡུ་སྒྲིག་བྱས། 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: མི་རྒོད་ཀྱིས་འདྲེ་རྒོད་བཏུལ།

No comments found.

New comment