ཚོང་བ། བོང་བུ། རྐུན་མ།

16/07/2011 15:04

༄༅།།དང་བོ་ཙ་ན། གྲང་རླུང་འུར་འུར་ལྡང་བའི་མཚན་མོ་ཞོག་ལ་ཚོང་བ་ཞིག་གིས་བོང་བུ་དྲེལ་འདྲ་བ་ཞིག་ཁྲིད་ནས་རང་ཡུལ་དུ་ལོག་བཞིན་འདུག

 

          སྐབས་དེར། རྐུན་མ་མིང་གྲགས་ཅན་གཉིས་ཡོད་པ་དེ་གཉིས་ཀྱིས་བོང་བུ་དྲེལ་འདྲ་བ་དེ་མཐོང་འཕྲལ། བརྐུ་འདོད་པའི་སྤུ་ལོང་གཡོས་ནས་དལ་བུར་ཚོང་བའི་རྗེད་ནས་འཇབ་སྟེ་བོང་བུའི་མགོ་ཡི་མཐུར་ཕུད་རྗེས་རྐུན་མ་གཅིག་གིས་མཐུར་རང་གི་སྐེར་གོན་ནས་མུ་མཐུད་དུ་ཚོང་བའི་རྗེས་

བསྙེགས།རྐུན་མ་གཅིག་གིས་བོང་བུ་དེད་ནས་ཕྱིར་ཡོང་།

       ཚོང་བ་རང་གི་ཁྱིམ་ལ་སླེབས་ལ་ཁད་དུ་ཁ་ཕྱིར་འཁོར་ཙ་ན། ཨ་ལྟས་ངན། མི་ཞིག་གི་མགོར་མཐུར་བསྐོན་ནས་ཁྲིད་ཡོང་གི་འདུག་པ་མཐོང་བས་རེ་ཞིག་ཧད་དེ་ལུས། 

       མཚམས་དེར་རྐུན་མས་དལ་དལ་ལྷོད་ལྷོད་ཀྱི་ངས་ནས་ན་རེ། བདག་པོ་ལགས། ཁྱོད་ཡ་མཚར་དགོས་དོན་མེད། དང་བོ་ང་རང་ལྷའི་ཡུལ་ནས་སྐྱོན་ལ་ཐོགས་རྗེས། ལྷའི་དབང་བོ་རྒྱ་བྱིན་གྱིས་ང་རང་ལྷ་ཁྲིམས་ལྟར་མི་ཡུལ་འདིར་མངགས་ནས་བོང་བུ་ཞིག་གི་སྐྱེས་བ་ལེན་དུ་བཅུག   ཡིན་ནའང་ད་ལྟ་ཉེས་པ་དག་ཟིན་པས།   མི་ལུས་འདིའི་བསྐལ་བ་ཐོབ་པ་ཡིན་ཞེས་བཤད།   

       ཚོང་བས་རྐུན་མའི་སྐད་ཆ་ར་ཉན་རྗེས་གནས་ལུགས་ཆེན་པོ་འདུག་སྙམ་ནས་ན་རེ། དེ་ལྟར་ཡིནན། ཁྱོད་ཀྱིས་ད་རེག་བར་དུ་ངེད་ཚང་གི་དོན་དུ་དཀའ་ལས་མང་བོ་ཞིག་མྱངས་སོང་བས། ངས་འདི་ནས་དངུལ་ལྔ་བཅུ་མ་གསུམ་ཁྱོད་ལ་འོ་བརྒྱལ་དུ་སྟེར། ད་སོང་ནས་མི་ལུང་རང་དབང་གི་འཚོ་བ་སྐྱིད་

པོ་ཞིག་རོལ་བར་གྱིས། རྗེས་ཕྱོགས་སུ་བྱ་ངན་འདྲ་ལས་ནས་ཕྱིར་བོང་བུར་འགྱུར་དུ་མ་འཇུག་ཅེས་ཁ་བརྡ་མང་བོ་བྱས་རྗེས་འགྲོ་རུ་བཅུག

     ཟླ་འགའི་རྗེས་སུ་ཚོང་བས་གྲོང་ཁྱེར་ཆེན་པོ་ཞིག་ཏུ་རང་གི་བུང་བུ་མཐོང་བས། སེམས་སྐྱོ་བའི་ངང་ཁ་ནས། ཨ་ལས་ངན་པོ། ཡང་ཁྱོད་ཕྱིར་བོང་བུ་ཞིག་ཏུ་གྱུར་སོང་ངམ། བྱ་བ་ཅི་ཞིག་ལས་པ་ཡིན། ད་ནི ་ང་ལའང་བྱ་ཐབས་མེད་པས་དཀོན་མཆོག་གསུམ་པོས་མཁྱེན། ཞེས་སྐྱབས་འཇུག་ཞུ་བཞིན་བོང་བུ་

དང་ཁ་གྱེས་ནས་སོང་ངོ།