རི་བོང་གིས་ཝ་མོར་བསླབ་བྱ་སྤྲད་པ།

03/07/2017 08:49

རི་བོང་གིས་ཝ་མོར་བསླབ་བྱ་སྤྲད་པ།

སྔོན་ཆད་ཝ་མོ་ཞིག་ཡོད་པ་དེ་ཝ་མོ་དེ་མ་རབས་ཤིག་ཡིན། མོས་དུས་རྒྱུན་དུ་སེམས་ཅན་ཆུང་ཆུང་རྣམས་ལ་ཐུབ་ཚོད་བྱེད་བཞིན་ཡོད།

ཝ་མོའི་སྤྱོད་པ་དེ་རི་བོང་གི་བློ་ལ་མ་བབས་པར། མོ་ལ་བསླབ་བྱ་ཞིག་སྤྲོད་དགོས་བསམ་སྟེ་སྤྲེའུ་ལ། ཡ་གཅུང་པོ་སྤྲེའུ། ངས་ཝ་མོ་ལ་བསླབ་བྱ་ཞིག་སྤྲད་འདོད་པས།  ང་ལ་རོགས་པ་ཞིག་བྱེད་རོགས་ཞེས་བཤད།

སྤྲེའུ་ན་རེ། ཨ་ཞང་རི་བོང་། དེའི་ཐད་ནས་ངས་ཁྱེད་ལ་རོགས་བྱེད་མི་ཐུབ་པས་དགོངས་པ་མ་ཚོམས་ཞེས་ལན་འདེབས་ཞོར་སྡོང་རྩེ་རུ་འཛེགས།

དེ་ནས་རི་བོང་བྲག་རྡོ་ཞིག་གི་སྟེང་ལ་བསྡད་དེ། ཅི་ཞིག་བྱེད་དགོས་བསམ་སྟེ་ཡོད་དུས། མདུན་ཕྱོགས་ཀྱི་སྤང་ཁུག་ཏུ་རྟ་རྒན་ཞིག་ཉལ་ནས་བསྡད་ཡོད་པ་མཐོང་བ་དང་་ཁོ་ཝ་མོ་འཚོལ་དུ་ཕྱིན།

རི་བོང་ཝ་མོའི་གམ་དུ་སོང་སྟེ། ཨ་ཅེ་ཝ་མོ། ང་ལ་གཏམ་བཟང་ཞིག་བཤད་རྒྱུ་ཡོད་ཅེས་བཤད། ཝ་མོས་ཅི་ཞིག་རེད་ཅེས་དྲིས།  རི་བོང་གིས་ཁ་ལག་པས་བཀབ་སྟེ་ཝ་མོའི་རྣ་རྩར་ཤུབ་ཤུབ་ཏུ་རྟ་ཞིག་སྤང་ཁུག་ན་གཉིད་བསྡད་འདུག དེའི་འཕོངས་ཤ་དེ་ངོ་མ་ཞིམ་པོ་ཡོད་པ་འདྲ་ཞེས་བཤད།

ཝ་མོས། རི་བོང་ལ། ཨ་ཞང་། ཇི་ལྟར་བྱས་ན་ངས་རྟའི་འཕོངས་ཤ་དེ་ཟ་ཐུབ་ཅེས་དྲིས། རི་བོང་གིས་དང་པོ་ཁྱེད་ཀྱི་རྔ་མ་དང་རྟའི་རྔ་མ་གཉིས་མཉམ་དུ་མདུད་དགོས། དེ་ནས་ཁྱེད་ཀྱིས་རྟའི་འཕོངས་ཤ་གང་འདོད་དུ་ཟོས་ན་ཆོག་ཅེས་བཤད།

ཝ་མོ་དགའ་ཞོར་རི་བོང་ལ། བཀའ་དྲིན་ཆེ་ཞུས་པ་དང་། དང་པོ་རང་གི་རྔ་མ་དེ་རྟའི་རྔ་མ་ལ་དམ་པོར་མདུད། དེ་ནས་རྟའི་འཕོངས་ཤ་ལ་སོ་བཏབ། རྟ་གློ་བུར་དུ་ཡར་ལངས་ཏེ་ཝ་མོ་དྲུད་ནས་གང་སར་བརྒྱུགས།

སྤྲེའུ་དེས་སྡོང་མགོ་ནས་རྟས་ཝ་མོ་དྲུད་ནས་རྒྱུགས་ཀྱིན་པ་མཐོང་དུས། ལག་པ་གཉིས་ཀྱིས་ཐལ་མོ་རྡེབ་ཞོར་དུ་གད་མོ་དགོད་སྐབས།སྤྲེའུ་སྡོང་མགོ་ནས་མར་ལྷུང་སྟེ་འཕོངས་ཤ་དམར་པོ་བཟོས། རི་བོང་གིས་དེ་མཐོང་ནས་གད་མོ་བགད་དེ་ཡ་ཁ་ཤོ།

དེ་ནས་བཟུང་ཝ་མོའི་སྤུ་རྩེ་ནག་པོ་རུ་གྱུར་བ་དང་རྟ་སྐྱིད་པོ་བྱས་ནས་ཉལ་མ་ཕོད། སྤྲེའུའི་འཕོངས་ཤ་དམར་པོར་གྱུར་བ་དང་རི་བོང་གི་ཁ་ཤོ་སོང་བ་རེད།