བུད་མེད་ཀྱི་ཤེས་རབ།

24/09/2015 07:58

ནམ་རྒྱུན་ཞོགས་པར་སྡེ་བའི་དཀྱིལ་གྱི་གླིང་གའི་ནང་འཁྱམ་འཁྱམ་ལ་འགྲོ་བ་ནི་དབང་འབུམ་རྒྱལ་གྱི་གོམས་གཤིས་ཤིག་ཆགས་ཡོད།ཡང་ཞོགས་པ་ཞིག་ལ།  དབང་འབུམ་རྒྱལ་རང་ཁྱིམ་ནས་གླིང་གར་འགྲོ་བའི་ལམ་བར་དུ། ཤ་མོག་ཟ་བཞིན་པའི་བྱིས་པ་ཞིག་མཐོང་བ་དང་། དབང་འབུམ་རྒྱལ་གྱི་ཁ་ནང་ཤ་མོག་ཟ་འདོད་ཀྱི་འགྲམ་ཆུ་འཁྱིལ།

དེ་ནས་ཁོ་གླིང་གར་མ་སོང་བར། ཁ་ཕྱིར་འཁོར་ནས་རང་གི་ནང་ལ་རྒྱུགས། ལམ་བར་དུ་ཁོའི་སེམས་ལ། གལ་སྲིད་ཆུང་མར་ང་ལ་ཤ་མོག་ཅིག་བཟོ་རོགས་ལབ་ན། དེ་ལབ་བདེ་བོ་མི་འདུག གལ་སྲིད་དེ་མ་ལབ་ན། མོ་རང་ལའང་གཅིག་བཟོ་དགོས། མོ་ལ་གཅིག་བཟོས་པ་ཡིན་ན། བྱིས་པ་རྣམས་ལའང་རེ་རེ་བཟོ་དགོས། བྱིས་པ་རྣམས་ལ་རེ་རེ་བཟོས་ན། གཡོག་འཁོར་རྣམས་ལའང་རེ་རེ་བཟོ་དགོས། དེ་འདྲའི་ཤ་མོག་མང་བོ་ཞིག་བཟོས་པ་ཡིན་ན། འགྲོ་སོང་ཧ་ཅང་ཆེན་པོ་རེད། ད་གང་ཡང་མ་ལབ་པར། ཁ་རོགས་སུ་བསྡད་ན་ལེགས་སྙམ།

དབང་འབུམ་རྒྱལ་ནང་དུ་འབྱོར་དུས། ཆུང་མས། ངའི་དགའ་ལོ། ཁྱོད་གླིང་ཀར་མི་འགྲོ་བར་ཕྱིར་འདི་འདྲའི་འགྱོགས་པོར་ལོག་དོན་ཅི་ཡིན་ནམ་ཞེས་དྲིས། དབང་འབུམ་རྒྱལ་གྱིས་མགོ་ཕར་གཡུག་ཚུར་གཡུག་བྱེད་ཞོར་དུ། ཅང་མ་རེད། ཅང་མ་རེད་ཅེས་ལན་བཏབས། ཆུང་མས་ཡང་བསྐྱར། ངའི་དགའ་ལོ། ཁྱོད་ཀྱི་གདོང་མདོག་བཟང་རྒྱུ་མི་འདུག་པས། ག་རེ་བྱས་སོང་ཞེས་དྲིས། དབང་འབུམ་རྒྱལ་གྱིས། ཅང་མ་རེད། ཅང་མ་རེད་ཅེས་ལན་བཏབ་ནའང་། ཁོའི་སེམས་སུ་ཤ་མོག་ཟ་འདོད་ཀྱི་ཚོར་བ་མེ་ལྟར་འབར་ཏེ། བཤད་པའི་སྐད་འདར། རྐང་བའི་ཉྭ་འདར་ཞོར་དུ་མལ་ཁང་ནང་དུ་འཛུལ།

ཆུང་མའི་སེམས་མ་བདེ་བར། དབང་འབུམ་རྒྱལ་གྱིི་མལ་ཁང་ནང་དུ་སོང་ནས། ངའི་དགའ་ལོ།  ཁྱོད་ལ་ཅི་ཉེས་བྱས་སོང་ཞེས་དྲིས།  དབང་འབུམ་རྒྱལ་གྱིས་ལན་ཅི་ཡང་མ་བཏབ་ནའང་། ཁ་ནས་ཁ་ཆུ་འཛར། ལུས་པོར་འདར་ཟུག་བརྒྱབ་ནས་ཉལ་སའི་ནང་ཁ་མར་འཁོར་ནས་ཉལ་བསྡད།ཁོའི་ཆུང་མ་གམ་དུ་ཡོང་ནས་ཡང་བསྐྱར། ངའི་དགའ་ལོ། ཁྱེད་ཀྱི་གྲོད་ཁོག་ལྟོགས་པ་མ་རེད་དམ། གལ་སྲིད་ཡིན་ན། ངས་ཟ་མ་བཟོ་ཆོག་ཅེས་བཤད།

དབང་འབུམ་རྒྱལ་གྱིས་ཟ་མ་ཞེས་པའི་ཚིག་དེ་ཐོས་མ་ཐག མིག་ལམ་དུ་ལམ་བར་ནས་མཐོང་པའི་བྱིས་པ་དེས་བཟའ་བཞིན་པའི་ཤ་མོག་དེ་ཤར་ནས།ངོ་གདོང་དམར་ནག་ནས་སྔོ་ནག་ཏུ་གྱུར། ཁ་ནས་རང་དབང་མེད་པར། ང་ལ་ཤ་ཤ་མོག་མོག་དགོས་ཞེས་ཚིག་ཤོར། དེ་ནས་ཆུང་མ་དགོད་ཤོར་དུ། ངའི་དགའ་ལོ། ཁྱེད་ཀྱིས་ཤ་མོག་ཟ་འདོད་ན། ངས་ད་ལྟ་རང་བཟོ་ཆོག་ཅེས་བཤད། དབང་འབུམ་རྒྱལ་གྱིས་ཆུང་མ་ལ། གལ་སྲིད་ཤ་མོག་བཟོ་ན། ཤ་མོག་གཅིག་ལས་བཟོ་མི་དགོས་ཞེས་བཤད། ཆུང་མས། ང་ཚོ་ཁྱིམ་མི་འདི་འདྲའི་མང་པོ་ཡོད་པས་ཤ་མོག་གཅིག་ཇི་ལྟར་ཟ། ངས་ནང་མི་ཚང་མར་འདང་ངེས་ཤིག་བཟོ་རྒྱུ་ཡིན་ཞེས་བཤད།  དེ་ནས་དབང་འབུམ་རྒྱལ་གྱིས་མི་དགོས། མི་དགོས། ཤ་མོག་བཟོ་མི་དགོས། ཤ་མོག་དེ་འདྲའི་མང་བོ་བཟོ་བ་ལ་འགྲོ་སོང་ཧ་ཅང་ཆེན་པོ་ཡིན་པ་མི་ཤེས་སམ་ཞེས་བཤད། ཆུང་མ་འཛུམ་ཞོར་དུ། ངའི་དགའ་ལོ། ངེད་ཚང་ལ་འདི་འདྲའི་རྒྱུ་འབྱོར་བ་ལྡན་པས།སྡེ་མི་ཚང་མར་འདང་བའི་ཤ་མོག་བཟོས་ནའང་། ང་ཚོར་ཅི་ཡང་གནོད་ཀྱི་མ་རེད་ཅེས་ལན་བཏབ་པ་ན། དབང་འབུམ་རྒྱལ་གྱིས་ཆུང་མ་ལ། ཁྱོད་ཀྱིས་འུ་ཚང་སྤྲང་པོར་བཟོ་བསམ་ན།  གང་འདོད་གྱིས་ཤིག་ཅེས་བཤད་དེ་ཕྱིར་གླིང་ཀའི་ནང་དུ་སོང་།

དེ་ནས་ཆུང་མའི་སེམས་ལ། དབང་འབུམ་རྒྱལ་གྱི་གཤིས་ཀར་བསྒྱུར་བཅོས་ཤིག་གཏོང་མ་ཐུབ་ན། ནམ་ཞིག་བྱིས་པ་ཚོ་དང་གཡོག་འཁོར་རྣམས་མུག་ཤི་ཐེབས་ས་རེད་དྲན་ནས། བསམ་བློ་གཏོང་སྐབས།ཡིག་སྐྱེལ་བ་ཞིག་གིས་ཡི་གེ་བསྐྱལ་འོང་བ་མཐོང་ནས།ཆུང་མའི་སེམས་སུ་ཐབས་ཤིག་རྙེད།  དེ་ནས་མོས་ཡི་གེ་རྫུན་མ་ཞིག་བྲིས་ནས། རྒྱལ་སྒོའི་མདུན་དུ་བཞག་སྟེ་བསྡད།

ཅུང་ཙམ་ནས་དབང་འབུམ་རྒྱལ་ཕྱིར་ནང་ལ་ཡོང་དུས། རྒྱལ་སྒོའི་མདུན་དུ་ཡོད་པའི་ཡི་གེ་ལག་ཏུ་བླངས་ཏེ་བཀླགས། ཡི་གེ་ནང་དུ་འདི་ལྟར་བྲིས་འདུག དབང་འབུམ་རྒྱལ་བཟའ་མི་རྣམས་ཀྱི་དྲུང་དུ། ཟླ་བ་རྗེས་མ་ནས་བཟུང་། ངའི་བང་མཛོད་ནས་ཁྱེད་ཚང་ལ་ཤ་རྒྱ་མ་བརྒྱ་དང་། ཕྱེ་རྒྱ་མ་བརྒྱ་སྤྲོད་རྒྱུ་ཡིན། དེ་ན་དབང་འབུམ་རྒྱལ་གྱི་མིང་ཐོག་ནས། སྡེ་མི་ཚང་མར་ཟླ་རེར་ཤ་མོག་ཐེངས་གཉིས་རེ་བཟོས་ཏེ་སྤྲོད་དགོས།རྒྱལ་བོ་རིན་ཆེན་གྲགས་པས། ཞེས་བྲིས་འདུག་པས།དབང་འབུམ་རྒྱལ་ཡིད་མ་ཆེས་པར། ཆུང་མ་ལ་ཀློག་ཏུ་བཅུག  ཆུང་མ་ཧང་སངས་ཁུལ་གྱིས། འདི་ནི་དཀོན་མཆོག་གི་གནང་བཞིན་རེད། ང་ཚོར་འགྲོ་སོང་གང་མེད་པར། ཤ་མོག་ཟ་ཐུབ་སོང་བ་རེད་ཅེས་བཤད་པ་ན། དབང་འབུམ་རྒྱལ་ཤིན་ཏུ་དགའ་ནས།སང་ཉིན་ཕྲན་རྒྱལ་པོའི་ཕོ་བྲང་དུ་ཤ་དང་ཕྱེ་ལེན་དུ་འགྲོ་རྒྱུ་ཡིན་ཞེས་བཤད། ཆུང་མས། ངའི་དགའ་ལོ།  ཁྱོད་ཁྱིམ་བདག་ཡིན་པས་ཁྱོད་འགྲོ་མི་ཉན། ངས་གཡོག་པོ་ཞིག་ལེན་དུ་གཏོང་ཆོག་ཅེས་བཤད། ཕྱི་ཉིན་གཡོག་པོ་ཞིག་ཤ་དང་ཕྱེ་ཉོ་རུ་ཚོང་རར་མངག་པ་དང་། དོན་དག་ངོ་མ་དེ་གསང་བ་དམ་པོ་བྱེད་དགོས་པའི་སྐུལ་མ་བྱས།

དེ་ནས་ཟླ་བ་རེའི་ནང་དུ།སྡེ་མི་ཚང་མ་སྐད་བཏང་སྟེ་ཤ་མོག་ཟ་རུ་བཅུག  སྡེ་མི་ཚང་མས་དབང་འབུམ་རྒྱལ་གྱི་གཏོང་ཕོད་ཅེས་འགྲོ་ས་དང་འདུག་ས་ཚང་མ་ནས་གླེང་བ་དང་། དབང་འབུམ་རྒྱལ་ལ་བརྩི་བཀུར་བྱེད་མཁན་དང་བསྟོད་པ་བྱེད་མཁན་མང་ནས་མང་དུ་སོང་བས། །ཁོའི་གྲགས་པ་སྡེ་བ་ནས་སྡེ་བར་ཁྱབ།  སེམས་ཀྱི་སྡུག་ངལ་སངས།  ཁྱིམ་ལ་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར། 

ཉིན་ཞིག་དབང་འབུམ་རྒྱལ་ཚང་དུ་སྡེ་མི་རྣམས་འཛོམས་ཏེ། ཤ་མོག་གི་ལོངས་སུ་སྤྱོད་བཞིན་པའི་སྐབས་སུ། ཡུལ་དེའི་རྒྱལ་བོ་རིན་ཆེན་གྲགས་པ་བློན་འཁོར་དང་བཅས་པ་དབང་འབུམ་རྒྱལ་ཚང་དུ་ཕེབས་ཏེ།  སྡེ་མི་ཚང་མ་འཛོམས་སར། རྒྱལ་བོ་རིན་ཆེན་གྲགས་པས། དབང་འབུམ་རྒྱལ་མི་རླབས་ཆེན་ཞིག་དང་།སྦྱིན་གཏོང་ལ་དགའ་བའི་མི་བཟང་བོ་ཞིག་ཡིན་པས། ཕྱིན་ཆད་སྡེ་མི་རྣམས་ཀྱིས་ཁོ་ལ་སློབ་སྦྱོང་བྱེད་དགོས་ཞེས་ལམ་སྟོན་གནང་བ་དང་། དབང་འབུམ་རྒྱལ་ཚང་ལ་རྟ་ཟོག་བརྒྱ་དང་ལུག་ལྔ་བརྒྱའི་བྱ་དགའ་གནང་ནས་ཕྱིན་སོང་།

དབང་འབུམ་རྒྱལ་གྱིས་ཆུང་མ་ལ།  རྒྱལ་བོ་རིན་ཆེན་གྲགས་པས་ང་ཚོར་འདི་ལྟར་གཟིགས་རྟོགས་གནང་དོན་ག་རེ་ཡིན་ནམ། ཞེས་དྲིས་པ་ན། ཆུང་མའི་སེམས་ལ། ད་གསང་བ་བཤད་པའི་དུས་ལ་སླེབས་འདུག་བསམ་སྟེ། ངའི་དགའ་ལོ། ང་ལ་དགོངས་ཡངས་གནང་རོགས། ངས་སྔོན་ཆད་ཁྱེད་སེར་སྣེས་ལྕགས་སྒྲོག་གིས་བསྡམས་ཏེ། སྡུག་བསྔལ་དྲག་པོའི་ནང་ལྷུང་ཡོད་པ་མཐོང་དུས་སེམས་ནས་མ་བཟོད་པར། ཡི་གེ་རྫུན་མ་བྲིས་ནས་ཁྱེད་ལ་མགོ་སྐོར་གཏོང་དགོས་བྱུང་། ཞེས་དྲང་མོ་བཤད་པ་ན། དབང་འབུམ་རྒྱལ་ཧང་སངས་བ་དང་། དེ་མ་ཐག་ཁོང་ཁྲོ་ཟོས། ཡིན་ནའང་གལ་ལེར་ཞིབ་འདང་བརྒྱབ་པ་ན། རང་གི་ཆུང་མའི་ཤེས་རབ་ལ་ཡིད་སྨོན་སྐྱེས་པ་དང་། ཆུང་མའི་བརྩེ་བ་ལ་ཡིད་ཆེས་རྙེད། ཉིན་དེ་ནས་བཟུང་ཁྱིམ་ཚང་གི་བྱ་བཞག་ཆེ་ཆུང་ཚང་མ་ཆུང་མ་ལ་གྲོས་བསྡུར་བྱས་བ་དང་། གཞན་ཕན་གྱི་ལས་ལ་གཞོལ་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ངོ།།


ཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Topic: སེར་སྣ་དང་སྦྱིན་པ།

investigation cialis usa

AFrauckcica | 20/06/2020

<a href="https://cialisle.com/">cialis coupons</a>

New comment