ྈཨ་མའི་བརྩེ་བ།

14/07/2016 22:06

གངས་ལྗོངས་མདོ་ཁམས་ཕྱོགས་སུ་སྐྱེས་པ་རྣམས་ཇག་ལ་འགྲོ་བའི་ལུགས་སྲོལ་ཞིག་གནའ་སྔ་མོ་ནས་ཡོད་པ་ལྟར། དུས་རབས་བཅུ་དགུ་བའི་ལོ་རབས་བཅུ་བའི་ནང་དུ་མདོ་སྨད་ཀླུ་ཚང་ཞེས་པའི་འབྲོག་སྡེ་དེར། མིང་ལ་འཇིགས་རིང་དང་འཇིགས་ཐུང་ཞེས་པའི་ཕོ་གསར་གཉིས་ཡོད་པ་རེད། ཁོང་གཉིས་ཀྱི་འཚོ་བའི་ཆ་རྐྱེན་ཅུང་ཞན་པོ་ཡིན་སྟབས། ནམ་རྒྱུན་རི་མགོར་ཇག་ལ་སོང་སྟེ་འཚོ་བ་སྐྱེལ་གྱི་ཡོད་པས། ལུང་བ་དེར་འཇིགས་ཆེན་དང་འཇིགས་ཆུང་ཞེས་མིང་དུ་གྲགས་ཡོད། 

དགུན་ཁར་རྨ་ཆུར་འགྲམ་དར་ཆགས་ཀྱི་ཡོད་པའི་ནམ་ཟླ་ཞིག་ལ། འཇིགས་ཆེན་དང་འཇིགས་ཆུང་གཉིས་ཀྱིས་རྟ་ཞོན། མེ་མདའ་ཁུར། བྲོ་ཁ་བཟུང་། མི་རྟ་སྐོར་ཞིག་ཁྲིད་དེ་རྨ་ཆའི་ཕར་ངོས་སུ་ཇག་ལ་སོང་བ་རེད།  

མཚན་མོ་དེར་ཟླ་འོད་མོག་མོག་ཤར་ཡོད་པས། ཁོང་ཚོ་མཚན་བགྲོད་བྱས་ནས།དཀར་མོ་གཡང་འཁྱིལ་ཞེས་པའི་རྨ་ཁུག་དེར་ཐོན། ཡིན་ནའང་། ལོ་དེར་རྨ་ཆུ་ལ་འགྲམ་དར་ཆ་ཚང་ཆགས་མེད་པས།ཁོང་ཚོ་རྨ་ཆུའི་ཕར་ངོས་སུ་འགྲོ་མ་ཐུབ་པར་ལག་སྟོང་ལ་ཕྱིར་ལོག་དགོས་བྱུང་། 

ཕྱིར་ཡུལ་ལ་ཡོང་བའི་ལམ་བར་དུ་འབའ་ཐང་ཞེས་པའི་ཐང་ཆེན་པོ་ཞིག་བརྒྱུད་དགོས་པ་དང་། ཐང་དེའི་ཐག་ཉེ་ས་ཞིག་ལ་སླེབས་པ་ན། གསལ་ལ་མ་གསལ་བའི་ངུ་སྐད་ཅིག་གྲགས་ཡོང་། ཁོང་ཚོར་མཚོན་ན་དུར་ས་དང་མི་གྲི་ཤིར་འགྲོ་སའི་ས་ཆར་སྐྱེས་པ་དང་བུད་མེད་ཀྱི་ངུ་སྐད་གྲགས་པ་དང་། འཁུན་སྒྲ་སྒྲོགས་པ། མཚམས་མཚམས་སུ་མེ་ལྕེ་སྔོ་ལམ་མེར་མཐོང་རྒྱུ་ཡོད་པ་ནི་རྒྱུན་ལྡན་ལྟ་བུ་ཡིན་པས་དོ་སྣང་ཆེར་མ་བྱས་ནའང་། མ་ཎི་རེ་དང་སི་ངྷི་རེ་འདོན་ཞོར་དུ་ཕྱིན།  

ཁོང་ཚོ་འབའ་ཐང་བརྒྱུད་ནས་འགྲོ་བཞིན་ཡོད་པའི་སྐབས། ངུ་སྐད་དེ་སྔོན་དང་མི་འདྲ་བར་ཐག་ཇེ་ཉེ་དང་སྒྲ་ཇེ་གསལ་ཡིན་པ་རེད། དེ་ནས་འཇིགས་རིང་རྟ་ཐོག་ནས་མར་མཆོང་སྟེ། ཨ་རོགས་ཚོ། ཉོན་དང་། ངུ་སྐད་འདི་མི་གསོན་པོ་ཞིག་གི་སྐད་མ་རེད་དམ་ཞེས་འདྲི་ཞོར་དུ་ཁྲབ་མདའ་རོགས་པ་ཞིག་གི་ལག་ཏུ་བཞག་པ་དང་། མེ་མདའི་ནང་དུ་མདེའུ་གཅིག་དེད་དེ་ངུར་སྐད་གྲགས་ས་དེར་ཁ་གཏད་ནས་རྒྱུགས། 

གསར་བུ་གཞན་ཞིག་གིས་ཀྱང་མེ་མདའི་ནང་དུ་མདེའུ་གཅིག་དེད་དེ་འཇིགས་རིང་གི་རྗེས་སུ་རྒྱུགས། ཁོང་གཉིས་ངུ་སྐད་གྲགས་སའི་ཐག་ཉེ་སར་སླེབས་དུས། སྤྱང་ཚོགས་ཤིག་གིས་དངོས་པོ་ཞིག་བར་ལ་བཞག་སྟེ་ཟ་བཞིན་ཡོད་པ་མཐོང་།སྐབས་དེར་འཇིགས་རིང་གིས་མེ་མདའི་ཁ་སྤྱང་ཚོགས་ལ་གཏད་དེ་ཕངས་པ་ན། སྤྱང་ཚོགས་རྣམས་ཐར་སེ་རང་རང་གི་ཕྱོགས་སུ་བྲོས་སོང་།  

ཁོང་གཉིས་ཀྱིས་བུད་མེད་ཅིག་གི་རྒྱབ་ཀྱི་ཤ་ཡོངས་རྫོགས་སྤྱང་ཀིས་ཟོས་ཏེ་སྒལ་ཚིགས་རྐྱང་བ་ལས་ལྷག་མེད་པ་ཞིག་གིས་རང་གི་བྲང་འོག་གི་ནུ་མ་གཉིས་ཀྱི་བར་དུ་བུ་ཆུང་སྙིང་རྗེ་བ་ཞིག་མནན་ནས་ཡོད་པ་མཐོང་། ཡ་མཚན་པ་ཞིག་ལ། བུ་ཆུང་དེའི་ལུས་ལ་རྨ་ཁ་གཅིག་ཀྱང་མེད། ཁོང་གཉིས་མཐོང་མ་ཐག་ཨ་མ་དེས་ཁ་ནས། "ངའི་བུ་ཆུང་། ངའི་བུ་ཆུང" ཞེས་བརྗོད་་ཞོར་དབུགས་ཆད་སོང་། 

སྒྲུང་བཤད་དེ་མཚམས་འདིར་སླེབས་དུས་ནམ་རྒྱུན་འཇིགས་རིང་གི་མིག་ཟུང་ལས། མིག་ཆུ་རང་དབང་མེད་པར་ཤོར་ཞོར་དུ་ངག་ནས། "ཨ་མའི་བརྩེ་བ་ཟེར་བ་ངོ་མ་ཡ་མཚན་རེད། ཨ་མ་དེ་སྤྱང་ཀིས་ཟོས་ཏེ། མོའི་ལུས་ལ་དབུགས་ཐོག་སའི་ཤ་ཞིག་ལྷག་མེད་མོད། བུ་ཆུང་གི་ཆེད་དུ་དབུགས་མ་ཆད་པར་བསྡད་འདུག" ཅེས་ལབ་གྱི་ཡོད། བུ་ཆུང་དེ་ཁོང་ཚོས་བསྐྱབས་ནས་ཁྱིམ་ཚང་ཕྱུག་པོ་ཚང་ཞིག་ལ་བུ་སྐལ་ཏུ་བྱིན།།   

 

Topic: ྈཨ་མའི་བརྩེ་བ།

No comments found.

New comment