ཨ་ཕྷི་རི་ཀའི་དམངས་ཁྲོད་སྒྲུང་གཏམ།

བདེ་སྐྱིད་མེད་པའི་དཔོན་པོ།

 

སྔ་མོ་སྔ་མོ་ཞིག་ལ། ཨ་ཧྥེ་རི་ཁའི་ནང་དུ་རྒྱུ་ནོར་ལོངས་སྤྱོད་འཛོམས་པའི་དཔོན་པོ་ཞིག་ཡོད་པ་དང་། དཔོན་པོ་དེ་ལ་བཙུན་མོ་དང་བུ་ཕྲུག་ཡང་མང་པོ་ཡོད། ཡིན་ནའང་། དཔོན་པོའི་སེམས་ནང་བདེ་སྐྱིད་ཁྱོན་ནས་མེད་པས། སེམས་ལ་ང་ལ་མེད་པའི་དངོས་པོ་གཅིག་ཀྱང་མི་འདུག་མོད། འོན་ཏེ་བདག་གི་སེམས་འདི་འདྲ་སྡུག་དགོས་པ་ག་རེ་ལན་པ་ཡིན་ནམ། སེམས་ལ་བདེ་སྐྱིད་བསྐྲུན་བའི་ཐབས་ལམ་ག་རེ་ཡོད་ན་སྙམ་ནས་བསམ་བློ་མང་བོ་བཏང་།


ཐེངས་ཤིག་ལ་དཔོན་པོ་དེས་སྐད་ཤུགས་ཆེན་པོས་གཡོག་འཁོར་རྣམས་བོས་ཏེ། བདག་གི་སེམས་སུ་བདེ་སྐྱིད་ཅུང་ཟད་ཀྱང་མེད་པ་འདི་ག་རེ་ལན་པ་ཡིན་ནམ། བདེ་སྐྱིད་འབྱུང་བའི་ཐབས་ལམ་འདྲ་ཡོད་པ་རེད་དམ། ཞེས་དྲིས་པ་ན། གཡོག་པོ་ཞིག་ཡར་ལངས་ཏེ། དཔོན་ཆེན་ལགས། ཡར་ནམ་མཁའ་ལ་གཟིགས་དང་། ཉི་ཟླ་སྐར་གསུམ་འཛོམས་འདུག ཉི་ཟླ་སྐར་གསུམ་ནི་ཇི་འདྲའི་མཛེས་ཤིང་ཡིད་དུ་འོང་བ་ཞིག་རེད། ཉི་ཟླ་སྐར་གསུམ་གྱི་མཛེས་སྡུག་ལ་གཟིགས་ཐུབ་པ་འདི་མི་ཚེའི་ནང་གི་བདེ་སྐྱིད་ཞིག་ལ་ངོས་བཟུང་ན་མི་ཆོག་གམ་ཞེས་བཤད་པ་ན། དཔོན་པོ་ཁོང་ཁྲོ་རབ་ཏུ་ལངས་ཏེ། དེ་ག་ལ་ཆོག ཆོག་གི་མ་རེད། ཉི་ཟླ་སྐར་གསུམ་མཐོང་དུས། ང་ལྷག་པར་ཁོང་ཁྲོ་ལངས་ཀྱིན་འདུག ཉི་ཟླ་སྐར་གསུམ་ང་ལ་མི་དབང་བ་ཁྱོད་ཀྱིས་མི་ཤེས་སམ་ཞེས་གཤེ་གཤེ་བཏང་།


དེ་ནས་གཡོག་པོ་གཞན་ཞིག་ཡར་ལངས་ཏེ། དཔོན་ཆེན་ལགས། རོལ་དབྱངས་ཀྱི་ནུས་པས་མིའི་སེམས་ལ་བདེ་སྐྱིད་བསྐྲུན་ཐུབ་པས། ཁྱོད་ཀྱིས་ཉོན་དང་ང་ཚོས་ཉིན་རྟག་པར་ཞོགས་པ་སྔ་བོ་ནས་དགོང་མོ་མ་ཉལ་པར་དུ་རོལ་མོ་འབུད་དཀྲོལ་རྡུང་གསུམ་བྱེད་ཆོག་ཅེས་བཤད་པ་ན། དཔོན་པོ་དེའི་གདོང་དམར་པོར་གྱུར་བ་དང་། དེ་བས་ཀྱང་ཁོང་ཁྲོ་ཆེན་པོས། སྤྱིར་ང་རོལ་དབྱངས་ལ་དགའ་བོ་ཡོད། འོན་ཀྱང་ཉིན་རྟག་པར། ཞོགས་པ་སྔ་བོ་ནས་དགོང་མོའི་བར་རོལ་དབྱངས་ལ་སུ་ཞིག་གིས་ཉན་ཐུབ་བམ། འདི་ནི་བསམ་བློ་གཏོང་མ་ཤེས་པ་དང་། ཆོ་མེད་པའི་ཐབས་ཤེས་ཤིག་ཡིན་པ་ཁྱོད་ཀྱིས་མི་ཤེས་སམ། ཉིན་གང་བོར་རོལ་དབྱངས་ལ་ཉན་ནས་བདེ་སྐྱིད་འཚོལ་མཁན་ཞིག་སུ་ཡོད་པ་རེད་ཅེས་གཡོག་པོ་དེ་ལ་གཤེ་གཤེ་ཡག་ཐག་ཆོད་ཞིག་བཏང་སྟེ། གཡོག་འཁོར་རྣམས་ཕྱིར་གཟིམ་ཆུང་ལས་ཕུད།


དེ་ནས་དཔོན་པོ་དེ་གཅིག་པུ་གཟིམ་ཆུང་ནང་དུ་ཉལ་ནས་བསྡད་ཡོད་དུས། གཡོག་པོ་གཞན་ཞིག་ནང་དུ་སོང་སྟེ། མགོ་བོ་མར་སྒུར་སྒུར་བྱས་ནས། དཔོན་ཆེན་ལགས། ཁྱེད་ཀྱི་སེམས་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་ཐབས་ལམ་ལེགས་པོ་རྙེད་བྱུང་བས། ཞུ་ཆོག་པར་ཞུ་ཞེས་བཤད།དཔོན་པོ་དེ་ན་རེ། ཐབས་ལམ་ཡག་པོ་ཞིག་རྙེད་ཡོད་ན། མགྱོགས་པོར་ཤོད་དང་། ཤོད་དང་ཞེས་བཀའ་གནང་། གཡོག་པོ་ན་རེ། དཔོན་ཆེན་ལགས། ཁྱེད་ཀྱིས་ས་ཕྱོགས་གར་སར་མི་མངགས་ཏེ། སེམས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་པའི་མི་ཞིག་བཙལ་དགོས། མི་དེ་རྙེད་རྗེས། མི་དེས་གྱོན་ཡོད་པའི་སྟོད་གོས་དེ་ཁྱེད་ཀྱིས་གྱོན་པ་ཡིན་ན། མི་དེས་ལོངས་སུ་སྤྱོད་བཞིན་པའི་བདེ་སྐྱིད་དེ་སྐུ་ཉིད་ཀྱི་ལུས་ལ་འཐིམ་འགྲོ་བས། དེ་ནས་ཁྱེད་ཀྱིས་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་ལ་ལོངས་སྤྱོད་ཐུབ་ཅེས་ཞུས་པ་ན། དཔོན་དེ་རབ་ཏུ་དགའ་ནས། ཐབས་ལམ་འདི་ནི་ཧ་ཅང་ལེགས་ཞེས། དམག་མི་མང་པོ་རང་གི་མངའ་ཁོངས་ཀྱི་ས་ཕྱོགས་ག་ས་གར་མི་སེམས་ལ་བདེ་སྐྱིད་ཡོད་མཁན་ཞིག་བཙལ་དུ་མངགས།


དམག་མི་རྣམས་གང་ས་གང་དུ་སོང་སོང་བའི་མཐར། གྲོང་གསེབ་ཞིག་གི་ནང་དུ་གདོང་ལ་འཛུམ་གྱིས་ཁེངས་པ་དང་། ངག་ལས་གླུ་ལེན་བཞིན་པའི་མི་སྐྱོ་བོ་ཞིག་ལ་ཐུག་པ་དང་། མི་དེས་ཀྱང་ཁོང་ནི་འཇིག་རྟེན་སྟེང་གི་མི་ཆེས་སྐྱིད་ཤོས་དེ་ཡིན་ཞེས་བཤད་པ་རེད། དེ་ནས་དམག་མི་ཚོས་མི་དེ་དཔོན་པོའི་ཕོ་བྲང་དུ་ཁྲིད་ནས་ཕྱིན་སོང་།

 

དཔོན་པོ་དེ་དགའ་ཐག་ཆོད་དེ། གཡོག་པོ་རྣམས་ལ། མི་དེ་གཟིམ་ཆུང་དུ་ཁྲིད་ཤོག་ཅེས་བཀའ་ཕབ། ཅུང་མ་འགོར་པར་གཡོག་པོ་ཚོས་མི་ཆུང་ཆུང་ནག་རིལ་ཞིག་ཁྲིད་ནས་བསླེབས་སོང་། དཔོན་པོ་དེས་མིག་གིས་མི་དེར་བལྟ་ཞོར་དུ། ཡ་གྲོགས་པོ་འདིར་ཤོག ངའི་མདུན་དུ་ཤོག རྒྱབ་གྱི་སྟོད་ཐུང་མར་འཕུད་རོགས་ཞེས་བཤད། མི་དེ་ཡར་དཔོན་པོའི་མདུན་ལ་སོང་དུས། དཔོན་པོས་མི་དེའི་རྒྱབ་ལ་སྟོད་གོས་གྱོན་མེད་པ་མཐོང་བ་དང་། སེམས་སུ་འཇིག་རྟེན་འདིར་སེམས་ལ་བདེ་སྐྱིད་ཆེས་མང་པོ་ཡོད་མཁན་དེ་ལ་སྟོད་གོས་ཙམ་ཡང་གྱོན་རྒྱུ་མི་འདུག་བསམ་སྟེ་ཧང་སང་བ་རེད།

 

མཁས་གྲུབ་གྱིས་བསྒྱུར། ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག