༄༅།།བྱིས་པའི་གཤིས་ཀ་འཚར་གྲུབ་ལས་བྱིས་པའི་མི་གཤིས་འཚར་གྲུབ་ལ་ལྟ་བ།

༄༅།།བྱིས་པའི་གཤིས་ཀ་འཚར་གྲུབ་ལས་བྱིས་པའི་མི་གཤིས་འཚར་གྲུབ་ལ་ལྟ་བ།

 

ཆུ་ལས་འབར་གྱིས་བསྒྱུར།

 

༄༅།།བྱིས་པ་སོ་སོ་ལ་རང་ཉིད་ཀྱི་གཤིས་ཀ་སོ་སོ་བ་རེ་ཡོད་པ་ནི་སྨྲས་མེད་རེད།གཤིས་ཀ་སོ་སོ་བ་རེ་རེ་ནི་ཆུང་དུས་ཀྱི་ཁྱིམ་ཚང་སློབ་གསོ་མི་གཅིག་པ་རེ་རེའི་བསྐྱེད་འབྲས་ཡིན་པའང་སྨྲས་མེད་རེད།དཔེར་ན།བྱིས་པ་ལ་ལའི་གཤིས་ཀ་ནང་དུ་ཕྱོགས་པ་ཅན་སྟེ།སྐད་ཆ་བཤད་རྒྱུར་མི་དགའ་བ།ལྷིང་འཇགས་ལ་དགའ་དང་།ཡང་བྱིས་པ་ལ་ལའི་གཤིས་ཀ་ནི་ཕྱི་རུ་ཕྱོགས་པ་ཅན་དེ།འདུ་ལོང་ལ་དགའ་བ་དང་།མི་གཞན་དང་འབྲེལ་འདྲིས་ལ་གོམས་པ་ཅན་ལྟ་བུ་རེད།བྱིས་པ་གཤིས་ཀ་མི་གཅིག་པ་སོ་སོའི་རྗེས་ཕྱོགས་ཀྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་ཧེ་བག་ཁྱད་པར་ཆེན་པོ་འབྱུང་སྲིད་པ་རེད།སློབ་ཆུང་རིམ་པ་དང་ལོ་ན་དེའི་མན་གྱི་བྱིས་པའི་གཤིས་ཀ་ལ་བསྒྱུར་བཅོས་དང་ལེགས་བཟོ་བྱེད་ཆོག་པའི་བར་སྟོངས་ཆེན་པོ་ཡོད་པས།ཁྱིམ་བདག་དང་དགེ་རྒན་རྣམ་པས་ངེས་པར་གཟབ་དགོས་པའི་གནས་སོ།།

 

 

གཤིས་ཀ སློབ་སྦྱོང་། ཤུགས་རྐྱེན།

 

ཞིབ་འཇུག་བྱས་འབྲས་ལྟར་ན།བྱིས་པ་གཤིས་ཀ་ཕྱིར་ཕྱོགས་པ་ཅན་དག་ནི།ནམ་རྒྱུན་ཕ་མ་དང་མཉམ་སྡོད་དུས་ཡུན་རིང་བ་ཅན་དེ་དག་ཡིན་ལ།ཁོ་བ་ཚོ་དུས་རྒྱུན་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་ལ་ཞུགས་སྤྲོ་བ་ཅན་དང་།བྱིས་པ་གཞན་དང་འབྲེལ་འདྲིས་ཅུང་མང་བ་ཅན་དེ་རིགས་ཡིན་པར་བཞེད།ཡང་བྱིས་པ་གཤིས་ཀ་ནང་དུ་ཕྱོགས་པ་ཅན་དེ་དག་གི་ཕ་མ་ཚོའི་ལས་ཀ་བྲེལ་ཟིང་ཆེ་བའམ།རྒྱུན་པར་ཕྱི་ན་ལས་ཀ་གཉེར་བས་བྱིས་པ་དང་མཉམ་སྡོད་ཀྱི་གོ་སྐབས་ཤོར་བ་ཅན་དེ་རིགས་ཡིན་ལ།བྱིས་པ་ཉིན་ལྟར་ཁྱིམ་ནང་ནས་སྡོད་དགོས་བྱུང་བས་བྱིས་པ་གཞན་ལ་འབྲེལ་འདྲིས་ཤིན་དུ་ཉུང་བ་ཅན་ཡིན་པ་དེའོ།།

 

གཤིས་ཀ་ཕྱི་རུ་ཕྱོགས་པ་ཅན་དང་ནང་དུ་ཕྱོགས་པ་ཅན་གྱི་བྱིས་པ་སློབ་སྦྱོང་ཐད་ནས་མངོན་གསལ་གྱིས་མི་འདྲ་བར་བཞེད།

 

 

བྱ་དངོས་ལ་ཤེས་ཚོར་བྱེད་པའི་ནུས་པ།

 

གཤིས་ཀ་ཕྱི་རུ་ཕྱོགས་པ་ཅན་གྱི་བྱིས་པའི་རང་འགུལ་ལྟ་ཞིབ་ནུས་པ་རྣོ་བ་དང་རིག་པ་མྱུར།གནད་དོན་ལ་འཕྲད་ཚེ་རང་འགུལ་གྱིས་འདྲི་རྩད་དང་ཞིབ་སྡུར་བྱེད།རང་སྟོབས་རང་བཞིན་དང་བློ་ཁ་ཚུར་སྣང་རང་བཞིན་ཅུང་དྲག་པོ་ཡོད།མི་ཚད་ད་དུང་གཤིས་ཀ་ཕྱི་རུ་ཕྱོགས་པ་ཅན་དེ་དག་སློབ་སྦྱོང་ལ་སེམས་ཤུགས་དང་རང་སྟོབས་ཆེ་བ་ཅན་དང་།ནང་སེམས་ཀྱི་ཚོར་བ་དམར་རྗེན་དུ་སྨྲ་ཕོད་མཁན་གྱི་རིགས་ཡིན།སྐད་ཡིག་གི་བསླབ་ཚན་ལ་སྤྲོ་སྣང་དང་ཚོར་བ་རྣོ་བ་མ་ཟད།གཏན་ཚིགས་དང་མཐུན་པའི་བསམ་གཞིག་ནུས་པ་འབུར་དུ་ཐོན་པ་ཅན་ཡིན་ནོ།།

 

གཤིས་ཀ་ནང་དུ་ཕྱོགས་པ་ཅན་གྱི་བྱིས་པ་ནི་ལྟ་རྟོག་ནུས་པ་གཞན་བརྟེན་ཅན་ཡིན་པས།དགེ་རྒན་དང་སློབ་གྲོགས་ཀྱི་ཤུགས་རྐྱེན་ཐེབས་སླ།ཡིན་ཡང་།ལྟ་རྟོག་གོ་རིམ་ཁྲོད་བསམ་གཞིག་རྣལ་དུ་ཕབ་ནུས་པས་གྲངས་ཀ་ལ་ཚོར་སྣང་སྐྱེན་པོ་ཡོད།ཁོག་རྩིས་ནུས་པ་ཆེ་ལ་བསམ་གཞིག་ཞིབ་ཚགས་ལྡན་པ་ཡིན།གནད་དོན་གང་ལ་འཕྲད་ཀྱང་བསམ་གཞིག་གནད་རྩ་ཟིན་པ་དང་།གནད་དོན་གྱི་འབྱུང་ཁུངས་བཙལ་བར་བྱེད།སེམས་ཁམས་ཕྱི་ཚུལ་གྱི་ཚུར་སྣང་སྒྲིབ་པའི་ངང་དུ་གནས་པས།རང་བཞིན་གྱི་བྱིས་པ་"གཡང་མ་"དེ་རིགས་ཡིན།རྩིས་རྒྱག་པའི་བསླབ་ཚན་རིགས་ལ་མོས་པ་ཆེ།རྗེས་དཔག་གི་བསམ་གཞིག་ནུས་པ་མཐོན་པོ་ཅན་ཤ་སྟག་ཡིན་པའོ།།

 

 

 

སློབ་སྦྱོང་གི་ཐབས་ཤེས།

 

ཕྱི་རུ་ཕྱོགས་པ་ཅན་གྱི་བྱིས་པའི་གཤིས་ཀ་ནི་བློ་བག་ཡངས་ཤིང་ལག་གཤོགས་ཆེ་མོད།སྣང་མེད་ཧོལ་རྒྱུག་གམ་ཧ་རེ་ཧུ་རེ་ཅན་དེ་རིགས་ཡིན།ཁོ་ཚོའི་སློབ་སྦྱོང་ཐབས་ཤེས་ནི་རང་སྣང་ཅན་ཡིན་ལ།རང་གི་ལམ་ལུགས་ལྟར་སློབ་སྦྱོང་བྱེད་པར་མོས།རང་གི་སློབ་སྦྱོང་གི་ཐབས་ཤེས་ཁོ་ནར་ཤི་འཐམ་རོ་འཐམ་བྱས་པས་སློབ་སྦྱོང་ཇེ་ངན་དུ་འགྲོ་བའི་སྐབས་ཡོད་ངེས་པ་ཡིན།གཤིས་ཀ་ཕྱི་རུ་ཕྱོགས་པ་ཅན་གྱི་བྱིས་པ་ལ་དཀའ་ཁག་བྱུང་ཚེ།རང་འགུལ་གྱིས་གཞན་ལ་རོགས་སྐྱོར་གྱི་རེ་བ་ཞུ་ངེས།འོན་ཀྱང་རང་ཉིད་ལ་རང་ཉིད་ཀྱི་བསམ་བློ་མེད་པའང་མ་ཡིན་ནོ།བྱིས་པ་གཤིས་ཀ་ཕྱི་རུ་ཕྱོགས་པ་ཅན་གྱི་ཁྱིམ་བདག་ཚོས་བྱིས་པར་གནད་དོན་གསལ་འགྲེལ་ལ་འབད་འབད་དུང་དུང་བྱེད་དགོས།བྱིས་པར་ལས་ཆོད་མཐོ་བའི་སློབ་སྦྱོང་ཐབས་ཤེས་མཁོ་སྤྲོད་བྱས་ནས་"ང་རྒྱལ་གྱི་རྒྱ་"རུ་མི་ཚུད་པ་དང་"ང་གཅིག་པུའི་ལམ་"དུ་མི་ཞུགས་པ་མཛད་དགོས།

 

ནང་དུ་ཕྱོགས་པ་ཅན་གྱི་བྱིས་པའི་གཤིས་ཀ་ནི་གཞན་བསྟུན་ལྷིང་འཇགས་ཡིན་ཙ་ན།སྤྱིར་བཏང་སློབ་སྦྱོང་གི་ཧུར་སེམས་རང་བཞིན་ཅུང་ཞན།ཁོ་ཚོ་ནི་ཕ་མ་དང་དགེ་རྒན་གྱི་མདུན་ནས་ཁ་ལ་ཉན་པའི་བྱིས་པ་གཡང་མ་དེ་རིགས་ཡིན།ལས་བྱ་དུས་ལྟར་འགྲུབ་པ་མ་ཟད།ཁྱིམ་བདག་གི་བཀའ་བཀོད་ནི་བླ་མའི་ཅི་གསུངས་ཆོས་དང་མཛུབ་མོ་གར་བསྟན་ཤར་ཡིན་པ་རེད།ནང་དུ་ཕྱོགས་པ་ཅན་གྱི་བྱིས་པ་ནི་རང་གཅིག་པུས་སློབ་སྦྱོང་བྱེད་པར་སྤྲོ།ལྷིང་འཇགས་ལ་དགའ་མཁན་ཁོ་ཚོས་སློབ་སྦྱོང་བྱེད་སྐབས་བར་ཆད་བྱེད་ན་མི་དགའ་ལ།གནད་དོན་ལ་འཕྲད་ན་ཁེར་རྐྱང་གིས་བསམ་གཞིག་བྱེད་པར་སྤྲོ།ཁོ་ཚོའི་སློབ་སྦྱོང་གི་ཐབས་ཤེས་ནི་རྗེས་དཔག་དང་ཚན་རིག་རང་བཞིན་གྱིས་ཕྱུགས།འོན་ཀྱང་ཁོ་ཚོ་རང་དམན་དང་ཁེར་ཧྲེང་གི་ཚོར་བ་འབྱུང་སླ་བས་ན།ཁྱིམ་བདག་ཚོས་སྐུལ་ལྕག་མང་ཙམ་དང་སྡིགས་དམོད་ཉུང་ཙམ་བྱེད་འོས།དེའི་མ་ཚད།ཁོ་ཚོའི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་འཁྲུལ་སྣང་འབྱུང་བ་དང་སེམས་འགྱུ་སླ་བ་ཡིན་པས་དེ་ལས་བྱོལ་ཨེ་ཐུབ་ལ་དོ་སྣང་མཛད་དགོས།

 

 

 

བསམ་གཞིག་ནུས་པ་དང་གསར་བཟོ་ནུས་པ།

 

བྱིས་པ་གཤིས་ཀ་ཕྱི་རུ་ཕྱོགས་པ་ཅན་ཚོའི་བསམ་གཞིག་ཧུར་པོ་དང་།བསམ་པའི་བཀོད་ཤུགས་ཕུན་སུམ་ཚོགས་པོ་ཡིན།ནམ་རྒྱུན་བསམ་པའི་བཀོད་ཤུགས་ཀྱི་ཁ་དོག་གམ་རིས་དབྱིབས་གང་རུང་སྐད་ཆའམ་རི་མོའི་ལམ་ནས་མཚོན་པར་དགའ།ལམ་ལམ་འཚེར་བའི་སྐར་ཚོགས་ཀྱིས་བྱིས་པ་གཤིས་ཀ་ཕྱི་རུ་ཕྱོགས་པ་ཅན་ལ་དྲན་ཚོར་བླ་ན་མེད་པ་སྦྱིན་ནུས་པར་བཤད།བསམ་གཞིག་གི་སྒོ་མོ་ཆེས་ཆེར་ཕྱེས་ཡོད་པ་དེས་བྱིས་པ་འདི་རིགས་ལ་ཤེས་རྟོག་གི་ནུས་པ་དྲག་པོ་བསྩལ་ཡོད་པ་རེད།ཁོ་ཚོས་ཤེས་རྟོག་ཆ་ཚང་ཡོད་པའི་རྨང་གཞིའི་ཐོག་ད་དུང་གསར་བཟོ་ལ་གཞོལ་བར་རྩོམ།གཞན་གྱི་མིག་ལམ་ནས་བྱིས་པ་འདི་རིགས་ནི་རིག་ཡག་དང་རྩེད་རྒྱུར་དགའ་བ།དོན་དག་གང་སྒྲུབ་ལ་བཟོད་སྒོམ་ཆུང་བ་དེ་ལྟ་བུ་རེད།ལྷག་པར་དུ་དགའ་ཕྱོགས་མང་བོ་ཡོད་པ་དང་།རྩེ་གཅིག་གིས་སློབ་སྦྱོང་བྱེད་མི་ཐུབ་མཁན་ཡིན་པར་བཤད།

 

གཤིས་ཀ་ནང་དུ་ཕྱོགས་པ་ཅན་གྱི་བྱིས་པའི་བསམ་གཞིག་རྩེ་གཅིག་ལ་འབབ་ཐུབ་པ་དང་།ཁ་ཕྱོགས་རང་བཞིན་བརྟན་པོ་ཡོད།གལ་ཏེ་གཤིས་ཀ་ཕྱི་རུ་ཕྱོགས་པ་ཅན་གྱི་བྱིས་པའི་བསམ་གཞིག་དེ་དྲ་རྒྱ་ལྟ་བུ་ཞིག་ཡིན་པར་བྱས་ན།ནང་དུ་ཕྱོགས་པ་ཅན་གྱི་བྱིས་པའི་བསམ་གཞིག་ནི་སྐུད་པ་ཉག་གཅིག་དང་ཀུན་ནས་མཚུངས།གནད་དོན་ལ་བསམ་གཞིག་གནད་དུ་ཐིངས་ལ་ཟབ་སར་འཛུལ་ནུས་པ་ཡིན།ཁོ་ཚོ་ལྷིང་འཇགས་ཀྱི་ཁོར་ཡུག་ནས་ཁེར་རྐྱང་གིས་གནད་དོན་ལ་བསམ་གཞིག་བྱེད་པར་མོས་བ་མ་ཟད།སློབ་སྦྱོང་དང་འཚོ་བ་ཕྱོགས་གང་ཐད་ནས་དངོས་དོན་གཉེར་མཁས་མཁན་དེ་རིགས་ཡིན།མི་གཞན་གྱི་མིག་ལམ་ནས་ཁོ་ཚོ་ལྷིང་འཇགས་དང་སྒམ་བརླིང་གི་བྱིས་པ་དེ་རིགས་ཡིན་ནོ།།

 

ཕྱི་རུ་ཕྱོགས་པ་ཅན་དང་ནང་དུ་ཕྱོགས་ཅན་གྱི་བྱིས་པའི་གཤིས་ཀ་ལ་ཁྱད་པར་ཆེན་པོ་ཡོད་པ་ནི་ང་ཚོས་ཤེས་གསལ་ལྟར་ཡིན་མོད།རིགས་གཅིག་པའི་བྱིས་པ་སོ་སོའི་གཤིས་ཀ་ལའང་ཁྱད་པར་ཆེན་པོ་ཡོད་པ་ཡིན་པས།གཤིས་ཀ་ཡོངས་སུ་མཐུན་པའི་བྱིས་པ་གཉིས་ནི་གཏན་ནས་ཡོད་མི་སྲིད་པ་རེད།ཁྱིམ་ཚང་དང་སློབ་གྲྭའི་ཁོར་ཡུག་གི་སློབ་གསོ་མི་མཐུན་པ་རྣམ་པ་གཉིས་ཀྱི་རྐྱེན་གྱིས།བྱིས་པ་ལ་ལ་ཕྱི་རོལ་ནས་ནང་དུ་ཕྱོགས་པའི་གཤིས་ཀ་དང་ཁྱིམ་ནང་ནས་གཤིས་ཀ་ཕྱི་རུ་ཕྱོགས་པའི་ངང་ཚུལ་འབྱུང་སྲིད་པའང་ང་ཚོས་དུས་རྒྱུན་མཐོང་ཐུབ་པ་དེའོ།།

 

 

 

སློབ་ཆུང་དུས་རིམ་གྱི་བྱིས་པ་ལ་གཏན་ཚུགས་སུ་ཆགས་པའི་གཤིས་ཀ་ཞིག་ད་དུང་གྲུབ་མེད་པར་བཤད་ལ།བཟོ་བཅོས་དང་འགྱུར་བའི་རང་བཞིན་ཆེན་པོ་མངའ་བས།སློབ་གསོའི་ཐབས་ཤེས་ནོར་འཁྲུལ་ཅན་གྱིས་བྱིས་པའི་གཤིས་ཀ་ལ་གས་ཆག་ཚབས་ཆེན་བཟོ་སྲིད།དཔེར་ན།ཉེ་འཁོར་གྱི་མི་ལ་ཡིད་རྟོན་དབེན་པ་དང་སེམས་རྒྱུད་ཕྲག་དོག་ཅན།གཞན་ལ་མི་དོ་སྙམ་པའི་རང་དམན་ལྟ་བ་ཡོད་མཁན།ཁེར་ཧྲེང་ལ་མོས་མཁན།བྱིས་པ་གཞན་དང་འབྲེལ་འདྲིས་ལ་མི་དགའ་མཁན་སོགས་མང་བོ་མཆིས།བྱིས་པའི་གཤིས་ཀ་ལ་གས་ཆག་ཤོར་ན་སློབ་སྦྱོང་ལམ་སྣེ་ལ་གས་ཆག་ཤོར་བ་མ་ཟད།བྱིས་པའི་མི་གཤིས་འཚར་གྲུབ་ལའང་གས་ཆག་ཤོར་སྲིད་པས།ཁྱིམ་བདག་ཚོས་ངེེས་པར་གཙིགས་ཆེན་ལ་འཛིན་དགོས་པའོ།།

 

སྤྱིར་བཏང་བྱིས་པའི་གཤིས་ཀ་ལ་བཟང་ངན་གྱི་དབྱེ་བ་འབྱེད་རྒྱུ་མེད།གཤིས་ཀ་ནང་དུ་ཕྱོགས་པ་ཅན་ནི་གཤིས་ཀ་ངན་པ་ཡིན་པར་ངོས་འཛིན་མི་རུང་།སློབ་མ་བཟང་བོ་ནི་གཤིས་ཀ་ཕྱི་རུ་ཕྱོགས་པ་ཅན་ཡོད་ལ་གཤིས་ཀ་ནང་དུ་ཕྱོགས་པ་ཅན་ཡང་ཡོད་ཅིང།མ་འོངས་བར་སོ་སོས་སྤྱི་ཚོགས་ཀྱི་ལས་གནས་གང་རུང་ནས་རང་གི་གྲུབ་འབྲས་ལེན་སྲིད་པ་ནི་ཁོ་ཐག་ཡིན།ང་ཚོས་ངེས་དགོས་པ་ནི།བྱིས་པའི་གཤིས་ཀ་ཡོངས་སུ་བསྒྱུར་བཅོས་གཏང་རྒྱུ་དེ་མ་ཡིན་པར།ཇེ་ལེགས་དང་ཁ་གསབ་བྱ་དགོས་ཤིང་།གཤིས་ཀ་འཐུས་ཤོར་ཅན་ལ་བྱོལ་དགོས་པ་དེ་ཡིན།

 

ང་ཚོ་ཕ་མ་ཚོས་བྱིས་པ་བདེ་ཐང་ངང་འཚར་ལོངས་འོང་བར་གཞོལ་བར་བྱའོ།།

 

༢༠༡༦-༩-༢༠ཉིན་བསྒྱུར།

Topic: ༄༅།།བྱིས་པའི་གཤིས་ཀ་འཚར་གྲུབ་ལས་བྱིས་པའི་མི་གཤིས་འཚར་གྲུབ་ལ་ལྟ་བ།

No comments found.

New comment