༄༅།།བྱིས་པའི་ནུས་རྩལ་ཇི་ལྟར་འབུར་འཇོམས་བྱེད་པ་ཡིན།

༄༅།།བྱིས་པའི་ནུས་རྩལ་ཇི་ལྟར་འབུར་འཇོམས་བྱེད་པ་ཡིན།

ཆུ་ལས་འབར་གྱིས་བསྒྱུར།

 

བྱིས་པ་ནར་སོན་ནས་ཁོ་ལག་རྒྱས་ཀྱང་།དོན་དག་ཆེ་ཆུང་ཀུན་པོ་ཕ་མར་བརྟེན་པའི་གོམས་གཤིས་འཇགས་པས་ན།ཕ་མ་མང་བོ་ཞིག་ལ་རང་གི་བུ་ཕྲུག་ནི་ནམ་ཡང་ལག་མི་ཆགས་པའི་བྱིས་པ་ཆུང་ཆུང་ཞིག་ལ་ལྟ་བའི་འདུ་ཤེས་ཤིག་གིས་གཅུན་འདུག ཕ་མ་གམ་དུ་ཡོད་དང་མེད་ཀྱིས་བྱིས་པའི་དོན་དག་ལེགས་འགྲུབ་ཡོང་དང་མི་ཡོང་ཐག་གིས་གཅོད་པ་དང་།རང་སྒེར་གྱིས་གནད་དོན་ཐག་གཅོད་དང་དོན་དག་ལེགས་འགྲུབ་འོང་བའི་ནུས་པ་ཉག་ཕྲ་བས་ན།ཕ་མ་ཚོས་རང་གི་སྦྱོར་བ་ལ་ཕྱིར་རྟོག་བྱས་ནས་གཤམ་གྱི་གནད་དོན་འདི་དག་ཡོད་མེད་ལ་ཐུགས་བསམ་བཞེས་རོགས་ཞུ།

 

ཨ་མ་ཚོས་ཇི་ལྟར་བསྒྲུབ་ན་བྱིས་པའི་ནུས་རྩལ་མང་བོ་ཞིག་འབུར་འཇོམས་བྱེད།ཁྱེད་ལ་གནད་དོན་འདི་དག་ཡོད་དམ་མེད།ཞིབ་ཀྱིས་གཟིགས་རོགས།

 

 

གཅིག བྱིས་པའི་ཚབ་ཏུ་བྱ་བ་ཡོད་ཚད་སྒྲུབ་པ།

 

བྱིས་པར་མིའི་རྩ་བའི་ནུས་རྩལ་འབྱོར་བའི་ན་ཚོད་ལ་སོན་ཡང་།ཕ་མས་རང་གི་བྱིས་པ་ཉེན་ཁར་འཕྲད་སྲིད་པར་སྐྲག་པའམ་བྱིས་པ་དཀའ་ངལ་སྡུག་སྦྱོར་ལས་གཡོལ་ཆེད།ནམ་ཡང་ལག་ཆགས་མི་སྲིད་པའི་བྱིས་པ་ལྟར་བྱ་བ་ཡོད་ཚད་བྱིས་པའི་ཚབ་ཏུ་སྒྲུབ་པ།ཆུང་ས་ནས་ངོ་འཁྲུད་སོ་འཁྲུད་དང་གྱོན་གོས་གྱོན་པ།ཆེ་ས་ནས་ལས་བྱ་དང་ཁྱིམ་ལས་སོགས་ཡོད་ཚད་ཕ་མས་བྱིས་པའི་ཚབ་ཏུ་གྲུབ་པར་མཛད་ཚེ།བྱིས་པའི་མྱོང་བརྒྱུད་ཀྱི་གོ་སྐབས་ཤོར།སྒེར་གྱི་ལག་པ་འགུལ་བའི་སྟོབས་ནི་ཉམ་དམས་སུ་བཏང་བ་ཁོ་ནའོ།།

 

བྱིས་པའི་ཚབ་ཏུ་དོན་དག་གཅིག་བསྒྲུབས་པ་ནི་བྱིས་པའི་ནུས་རྩལ་འཚར་ལོངས་ཀྱི་གོ་སྐབས་གཅིག་འཕྲོག་པ་ཡིན།དེ་བས་བྱིས་པ་དཀའ་ངལ་དང་འཕྲད་ཡོད་ཚེ།ཕ་མས་འགན་ལྕོགས་ཚབ་སྒྲུབ་བྱེད་རྒྱུ་མ་ཡིན་པར།རོགས་དན་སྣེ་འཁྲིད་ཀྱི་ནུས་པ་ཐོན་དགོས་པ་དེའོ།།

 

བྱིས་པའི་འཚར་ལོངས་ཆོས་ཉིད་ལ་གཞིགས་ཏེ།ཐབས་དང་ཡུན་གྱིས་ལག་པ་འགུལ་བའི་རང་ནུས་གསོ་སྐྱོང་དགོས།བྱིས་པའི་ལག་པ་འགུལ་བའི་རང་ནུས་དང་རང་བདག་རང་སྲུང་ནུས་པ་གསོ་རྒྱུ་ནི་དུས་ཐུང་ལས་སླ་ཞིག་གཏན་ནས་མིན་པས་ན།ཁྱིམ་བདག་ལ་སྒུག་བཟོད་ཀྱིས་གདེང་དགོས་པ་མ་ཟད།ནམ་ཞར་རང་གི་ལག་ལེན་ལ་འཇུག་དགོས་པའི་རྟིང་སྐུལ་བྱས་ན།ནམ་ཞིག་བྱིས་པའི་རང་འགུལ་ནུས་སྟོབས་རྒྱས་སྲིད་པ་ནི་ཏན་ཏན་ཡིན།རང་གི་ལག་ལེན་ལ་འཇུག་པའི་གོ་སྐབས་ནི་སློབ་སྦྱོང་གི་གོ་སྐབས་རེད་པས།ཕ་མས་སློབ་སྦྱོང་གི་བརྒྱུད་རིམ་བཙན་འཕྲོག་ནི་ཅི་ནས་ཀྱང་མི་འོས་སོ།།

 

 

གཉིས། བྱིས་པའི་རེ་འདུན་ཆ་ཚང་ཚད་མེད་དུ་སྐོང་བ།

 

དེང་སང་གི་ཕ་མ་མང་ཆེ་བར་བྱིས་པ་གཅིག་ལས་མེད་པ་དང་།གཅིག་པུ་ནི་ཁྱིམ་ནང་གི་ནོར་བུ་ལྟ་བུར་ཆགས་ཡོད།དེའི་སྟབས་ཀྱིས་བྱིས་པ་ལ་ཅི་མཁོ་ཐམས་ཅད་ཚད་མེད་དུ་སྟེར་བ་རེད།ཆ་རྐྱེན་མེད་པའི་རེ་འདུན་ཆ་ཚང་ཚད་མེད་དུ་བསྐངས་ན།བྱིས་པའི་ནང་སེམས་ཀྱི་རང་ལྟེ་འདུ་ཤེས་དྲག་ཏུ་བསྐྱེད་ཚེ།བྱིས་པའི་འཚར་ལོངས་ལ་འགལ་རྐྱེན་བཟོ་བ་རེད།

 

ལས་ཀའི་དཀའ་ངལ་དང་སྒོར་མོའི་བྱུང་བ་ནི་ལས་སླ་མོ་ཞིག་མིན་པ་བྱིས་པར་ཧ་གོ་བར་བྱ་དགོས།འོས་འཚམ་མིན་པའི་དངོས་རྫས་ཀྱི་ཆ་རྐྱེན་བཏོན་ན།ཨ་མས་ཆོད་སེམས་བརྟན་པའི་རྣམ་འགྱུར་གྱིས་དགག་ལན་ལྡོག་དགོས།ངུ་ཤུམ་དང་གཡེར་བག་གིས་བསླུ་བར་མི་བྱེད་པའི་ཐབས་ལྡན་དགོས།གཟེངས་རྟགས་དང་ངལ་རྩོལ་གྱི་རིན་ཚབ་སྤྲོད་པའི་རྣམ་པར་གྱུར་ན་རབ་ཡིན་པར་འདོད།དེས་དཀའ་ལས་མྱོང་ན་འབྲས་བུ་ཐོབ་པ་ལས།ཁོང་ཁྲོ་དང་ངུ་ཤུམ་གྱིས་དམིགས་ཡུལ་ལ་སླེབས་མི་ཐུབ་པའི་གནས་ལུགས་ཤིག་སྟོན་པས་ཡིན།

 

 

གསུམ།བྱིས་པར་ཐལ་ཆེ་བའི་སྲུང་སྐྱོབ་བྱེད་པ།

 

དུས་རྒྱུན་བྱིས་པར་རྨས་ཕོག་རྐྱེན་གྱི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་ཚེ།ཨ་མས་རང་གི་ལྟ་རྟོག་གི་གྲིམ་ཚད་མ་འདང་བར་བསམ་མོད། མ་ཡིན་དེ།ལྟ་རྟོག་གྲིམ་དྲག་པའམ་ཐལ་ཆེ་བའི་སྲུང་སྐྱོབ་བྱས་པའི་མཇུག་འབྲས་ཙམ་དུ་ཟད།

 

བྱིས་པ་དང་བྱིས་པའི་བར་དུ་འགལ་བ་འབྱུང་སྲིད་པ་ནི་སྨྲས་མེད་ཡིན་མོད།ཨ་མས་རྗེས་ཕྱོགས་བྱིས་པ་ག་གེ་མོ་དང་མཉམ་དུ་རྩེ་མི་དགོས་ཞེས་རང་གི་བྱིས་པ་ལ་བཀའ་ཕབ་པ་ནི།བྱིས་པར་ཕན་ཆེད་དུ་ཡིན་མོད།མི་ལ་འགྲོགས་འདྲིས་ཀྱི་སྦྱང་བརྡར་གོ་སྐབས་རྨ་མེད་པ་ཞིག་འཕྲོག་པ་ཡིན།འགལ་རྐྱེན་དང་བར་གེགས་མེད་པའི་འཕེལ་རྒྱས་ནི་དོན་དམ་གྱི་འཕེལ་རྒྱས་ཤིག་མིན་པ་ནང་བཞིན།བར་གེགས་ཀྱིས་ནམ་དུ་ཡང་འཚར་ལོངས་ལ་སྒུལ་ཤུགས་སྩོལ་བ་རེད།བྱིས་པའི་མ་འོངས་འཚོ་བའི་ཁྲོད་ཀྱི་རང་སྲུང་དང་གཞན་བསྟུན་སོགས་ཀྱི་ནུས་རྩལ་རང་རྒྱུད་ལ་འབྱོར་མ་ནུས་པས།དེང་སང་"ལོན་ན་སུམ་ཅུའི་བྱིས་པ་"ཞེས་པ་ཞིག་བྱུང་ཡོད།དེ་ནི་ཕ་མ་དང་རྒན་པའི་རོགས་དན་མེད་ཚེ་རང་ཚུགས་ཐུབ་པའི་ཐག་གཅོད་དང་གདམ་ཀ་བྱེད་པའི་ནུས་པ་མེད་པ་ཅན་གྱི་མི་རྒན་ལ་ཟེར་བ་རེད།བྱིས་པའི་འགྲོ་འདུག་ཉལ་ཆག་ལ་ལྟ་རྟོག་དང་སྲུང་སྐྱོབ་ཐལ་དྲག་པའི་མཇུག་འབྲས་ཡིན་པར་ཡང་བསྙད་པ་རེད།

 

ཐལ་དྲག་པའི་སྲུང་སྐྱོབ་གློད་ཡངས་སུ་གཏོང་ཐབས།ཐོག་མར།བྱིས་པའི་ལག་པ་གློད་ནས་ཚོད་ལྟ་ལ་འཇུག་པར་རྟིང་སྐུལ་བྱེད་པ་ནི་གནད་འགག་ཡིན།ཁོ་རང་སྒེར་གྱི་ངོས་ནས་དོན་དག་འགྲུབ་པའི་དཔའ་གདེང་ལྡན་པ་ར་སྤྲོད་དགོས།དཔེར་ན།བདེ་འཇགས་ལ་ཁག་ཐེག་ཡོད་པའི་ཆ་རྐྱེན་འོག་ནས།བྱིས་པ་གཅིག་པུས་ཚོང་ཁང་ནས་དངོས་པོ་ཉོ་བ་ལྟ་བུ།

 

གཉིས་ནས།བྱིས་པའི་ལག་པ་གློད་ནས་རང་ཉིད་དགའ་བའི་དོན་དག་ལ་འཇུག་དགོས།འོན་ཀྱང་བདེ་འཇགས་ལ་ནམ་ཡང་ཁག་ཐེག་ཡོད་དགོས།ཁོའི་མིག་ལམ་གྱི་ཁྱད་མཚར་བའི་དངོས་པོ་མཐའ་དག་ལ་རེག་ཆོག་པ་དང་།ལུས་སེམས་གློད་ནས་ལག་མྱུལ་ཚོད་བཤེར་ཀྱིས་གསར་གཏོད་ནུས་པ་བསྐྱེད་བསྲིང་བ།

 

 

བཞི། བྱིས་པས་དོན་དག་སྒྲུབ་སྐབས་བར་ཆད་བཟོ་བ།

 

"བྱིས་པའི་ལས་ཀ་ཡུན་མི་རིང་"ཞེས་པ་འདི་ནི་བྱིས་པར་དུས་དང་དུས་སུ་བར་ཆད་བཟོ་བའི་ཨ་མ་ཞིག་ཡོད་པ་ལས་བྱུང་བའི་བཤད་སྟངས་ཤིག་ཡིན་པར་སྙམ།བློ་སེམས་གཅིག་སྒྲིམ་དང་སྤྲོ་བ་ཆེན་པོའི་སྟངས་འཛིན་གྱིས་བྱིས་པའི་ཀླད་ཆེན་ཇེ་མྱུར་དང་ཇེ་གསལ།རྟོགས་པ་དང་ཡིད་འཛིན་ནུས་པ་བླ་ལྷག་ཏུ་འཕེར།གལ་ཏེ་ཨ་མས་གློ་བུར་བའི་བར་ཆད་བཟོས་ཚེ།བྱིས་པའི་རིག་ལམ་ཆག་གྲུམ་དང་།བློ་རྩེ་གཅིག་གཏོད་ནུས་པ་བརྡལ་བཤིག་ཏུ་བཏང་བ་ཡིན་གྱི།དུས་ཡུན་གང་འཚམ་ཞིག་ནས་རིག་པ་གྲིམ་པོར་མི་གནས་བའམ་བློ་རྩེ་རྣལ་མར་མ་གནས་པའི་གོམས་གཤིས་ཆགས་འགྲོ་བ་རེད།

 

ཡིད་རྟོན་དང་རྒྱབ་སྐྱོར་ཤེས་པ།བྱིས་པས་ཕ་མ་ལ་"ང་རང་གིས་ཚོད་ལྟ་བྱེད་འདོད།"ཅེས་བཤད་ཚེ།བྱིས་པའི་གཉུག་གཤིས་ཀྱི་རང་ཚུགས་སྒེར་གཤིས་ཕྱིར་མངོན་པ་ཡིན་པས།ཨ་མས་བྱིས་པའི་རེ་འདོད་ལ་གཙི་བཀུར་བྱ་འོས་པ་མ་ཟད་ལྷོད་ཀྱིས་ལྟ་རྟོག་བྱེད་ཤེས་དགོས།བྱིས་པ་དཀའ་ཁག་ལ་འཕྲད་ནས་རོགས་དན་མཛད་པའི་རེ་བ་ཞུས་ཚེ་སྣེ་སྟོན་བྱེད་མཁས་དགོས།

 

གལ་ཏེ་བྱིས་པས་དོན་དག་གྲུབ་པའི་སྤྲོ་བ་ཕ་མ་ལ་བཤད་པའི་ཚེ།བཟང་བསྟོད་བྱེད་མཁས་དགོས།སྐུལ་ལྕག་གི་ངག་ཚིག་གིས་བྱེ་བྲག་ལ་བསྟོད་བསྔགས་བྱེད་ཐུབ་པར་གཞོལ་དགོས།ཨ་མའི་ཁག་ཐེག་ནི་བྱིས་པར་མཚོན་ན་གནམ་ལྟ་བུ་ཡིན་སྲིད།ཨ་མའི་རྟིང་སྐུལ་གྱིས་བྱིས་པའི་སེམས་ཤུགས་དང་སྤྲོ་སྣང་འཇིག་རྟེན་གྱི་སྒོ་འཕར་ཡངས་པོར་ཕྱེ་ནུས་པར་གྲགས་སོ།།

 

རྩོམ་ཡིག་གི་ཁུངས།ཞིན་ལང་སློབ་གསོ།༼ཧཱ་ཧྲིན་དྲ་ཐོག-ཁྱིམ་ཚང་སློབ་གསོ།༽

རྩོམ་ཡིག་ལ་སྣོན་འཕྲི་ཅུང་ཙམ་བྱས་ཡོད་ལ་དོན་སྒྱུར་ལ་གཞོལ་ཡོད།ཁ་བྱང་བཅོས་ཡོད།

 

༢༠༡༦-༡༡-༢ཉིན་བསྒྱུར།

Topic: ༄༅།།བྱིས་པའི་ནུས་རྩལ་ཇི་ལྟར་འབུར་འཇོམས་བྱེད་པ་ཡིན།

No comments found.

New comment