༄༅།། མ་མོ་མ་བུ་གསུམ་དང་སྤྱང་ཁུ།

༄༅།། མ་མོ་མ་བུ་གསུམ་དང་སྤྱང་ཁུ།

 

༄༅ །།གནའ་སྔ་མོ་ཞིག་ལ། མ་མོ་མ་བུ་གསུམ་ལྷ་སར་སོང་བའི་ལམ་བར་དུ་སྤྱང་ཁུ་ཞིག་ལ་ཐུག་པ་དང་། སྤྱང་ཁུའི་སེམས་ལ། ལུག་ཚེ་ཟད་སྤྱང་ཁུའི་ཁ་ན་ལྷུང་ཟེར་བ་མ་ཡིན་ནམ་ཞེས་དགའ་སྟེ། མ་མོ་མ་བུ་གསུམ་ཟ་གྲབས་བྱས་པ་ན། ཁོང་རྣམས་ན་རེ། ཨ་ཁུ་སྤྱང་ཁུ་ལགས། ངེད་མ་བུ་གསུམ་གྱི་ཨ་མེས་གྲོངས་སོང་བ་དང་། ཁོང་གི་ཆེད་དུ་ལྷ་སར་འགྲོ་མཁན་ཡིན་པས། ལན་གཅིག་ང་ཚོ་ཚེ་ཐར་ལ་གཏོང་རོགས་ཞེས་ཞུ་བ་བྱས། སྤྱང་ཁུའི་སེམས་ལ། ཨ་མེས་འདས་པོའི་ཆེད་དུ་ལྷ་སར་འགྲོ་ལུགས་ལ་བལྟས་ན། ཁོང་ཚོ་མ་རབས་ཁྲེལ་མེད་རེ་མིན་ཚོད་འདུག་བསམ་པ་དང་། ལྷ་ས་ནས་ཕྱིར་ལོག་དུས་ཟོས་ནའང་འཕྱི་དྲག་མི་འདུག་བསམ་ཏེ། ད་ལན་ཁྱེད་ཚོ་ཚེ་ཐར་ལ་གཏོང་ཆོག ཡིན་ན་ཡང་། ཁྱེད་རྣམས་ཀྱིས་ལམ་བར་ནས་ངེས་པར་དུ་རྩྭ་གང་བཟང་དང་ཆུ་གང་ཡག་འཐུང་སྟེ། ལུས་ལ་ཤ་ཤེད་རྒྱས་སུ་འཇུག་རྒྱུ་ནི་ངས་རེ་བ་ཡིན་ཞེས་མ་མོ་མ་བུ་གསུམ་ཡར་བཏང་ངོ་། །

 

མ་མོ་མ་བུ་གསུམ་གྱིས་ལྷ་ས་རུ་མཇལ་སྐོར་འདོད་བློ་ཁེངས་པ་ཞིག་བྱས་ཏེ་ཕྱིར་ཡོང་བའི་ལམ་དུ། རི་བོང་ཞིག་ལ་ཐུག་པ་དང་། ཨ་མེས་ཀྱི་ཆེད་དུ་ལྷ་སར་སོང་བ། ལམ་བར་དུ་སྤྱང་ཁུ་ཞིག་ལ་ཐུག་པ། ཐག་མི་རིང་བའི་སར་སྤྱང་ཁུས་བསྒུགས་ནས་ཡོད་པའི་ལོ་རྒྱུས་སོགས་རི་བོང་ལ་བཤད། རི་བོང་གིས་སེམས་ལ། ཐབས་ཤིག་མ་བྱས་ན་སྤྱང་ཁུ་དེས་མ་བུ་འདི་གསུམ་ཚེ་ཐར་ལ་མི་གཏོང་བ་ཁོ་ཐག་རེད་འདོད་དེ། ཡ་ཡ་དེ་འདྲ་ཡིན་ན་ཁྱེད་ཚོ་སྐྱོབ་ཐབས་ངས་བྱ་ཆོག་ཅེས། སྒྱེ་གཅིག་དང་ཐག་པ་གཅིག་བཅས། མ་མོ་མ་བུ་གསུམ་གྱི་ལག་ཏུ་བཞག་ནས། ཁྱེད་མ་བུ་གསུམ་སེམས་བེད་མོ་གྱིས་ལ་ཕེབས་དང་། ང་ཁྱེད་ཀྱི་རྗེས་སུ་སླེབ་ཡོང་ཞེས་བཤད་དེ། ཁོང་ཚོ་སྔོན་ལ་མངགས་སོ།།

 

 

མ་མོ་མོ་གསུམ་སྔོན་སྤྱང་ཁུར་ཕྲད་པའི་ས་དེར་བསླེབས་དུས། སྤྱང་ཁུས་བསྒུགས་ནས་བསྡད་འདུག་པ་དང་། ཁོས་མ་མོ་མ་བུ་གསུམ་པོའི་ཤ་སྔར་ལས་རིད་པ་མཐོང་དུས། ཁོང་ཁྲོ་རབ་ཏུ་ཟོས་ཏེ་ཁོང་ཚོའི་སྟེང་དུ་མཆོང་གྲབས་ཡོད་པའི་སྐབས་དེར། རྒྱབ་ཕྱོགས་ཀྱི་རི་རྩེ་ནས། རི་བོང་གིས་ཀི་བཏབ་སྟེ། ཝ་ཡེ། མ་མོ་མ་བུ་ཚོ། ཁྱེད་ཚོའི་མདུན་དུ་དངོས་པོ་སྐྱ་བོ་ཞིག་ཡོད་པ་དེ་སྤྱང་ཁུ་ཞིག་རེད་དམ། ང་རྒྱལ་བོའི་ཕོ་ཉ་གཞོན་ནུ་བློ་ལྡན་ཡིན། རྒྱལ་བོས་ང་སྤྱང་ཁུ་འཛིན་དུ་མངགས་སོང་ཞེས་སྐད་གཟེངས་མཐོན་པོས་དྲིས།

སྐབས་དེར་སྤྱང་ཁུ་རབ་ཏུ་སྐྲག་སྟེ། མ་མོའི་ལག་གི་སྒྱེ་ནང་དུ་རིབ་སེ་འཛུལ་སོང་། དེ་མ་ཐག་ལུ་གུ་གཉིས་ཀྱིས་ཐག་པ་རུམ་ནས་བླངས་ཏེ་སྒྱེ་ཁ་དམ་པོར་བཅངས། དེ་ནས་རི་བོང་སླེབས་ཏེ། མ་མོ་མ་བུ་གསུམ་ལ། ད་ཁྱེད་ཚོ་སྡུག་ཅན་འདིའི་ཁ་ནས་ཐར་སོང་བ་རེད། བློ་བདེ་མོའི་ངང་ཕྱིར་ཡུལ་ལ་ཕེབས་ཞེས་ཁོང་ཚོ་ལམ་དུ་བཅུག་སོ། དེ་ནས་རི་བོང་གིས་ཤུགས་ཡོད་ཚད་ཀྱིས་སྤྱང་ཁུ་ཡོད་པའི་སྒྱེ་མོ་ལ། རྡོག་ཐོས་ལན་འགའ་གཞུས་ཏེ། བསམ་པ་གཞན་ལ་ངན་ན་སྦྱོར་ལ་རང་ལ་རྩུབ་ཟེར་བ་རེད་ཅེས་སྒྱེ་ཁ་ཕྱེས་ནས་རང་ཉིད་བྲོས་སོ།

 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: ༄༅།། མ་མོ་མ་བུ་གསུམ་དང་སྤྱང་ཁུ།

No comments found.

New comment