༄༅།། ར་མ་བློ་གྲོས་ཅན་དང་སྤྱང་ཀི།

༄༅།། ར་མ་བློ་གྲོས་ཅན་དང་སྤྱང་ཀི།

 

སྔོན་ཁྱིམ་བདག་ཞིག་ལ་ར་ཕོ་ཞིག་ཡོད་པ་དེ་ཡུལ་ལྷའི་སྒོ་ཟོག་ཏུ་ཕུལ་ནས་ལྷ་རྒྱལ་རི་བོའི་རྩེ་རུ་བཏང་། ར་ཕོས་ཉིན་མོ་རི་མགོ་ནས་རྩྭ་ཟོས་ཤིང་མཚན་མོ་ཞོལ་དུ་བབས་ནས་ཆུ་འཐུང་བཞིན་ཉིན་མཚན་འདས། ཉིན་ཞིག་རི་ཞོལ་གྱི་གྲམ་ཆུའི་ཁ་ནས་སྤྱང་ལྟོགས་ཤིག་ལ་འཕྲད་སོང་། ར་ཕོས་སེམས་ལ་དེ་རིང་སྤྱང་ལྟོགས་འདིས་བདག་ཟ་ངེས་སུ་གྱུར་ཡང་། བདག་གིས་ནུས་ཚོད་ཀྱིས་ཕར་རྒོལ་བྱ་དགོས་སྙམ་ནས་རྭ་ཅོ་གཉིས་སྤྱང་ཀིར་གཏན་ནས་བསྡད།

 

དེ་དུས་སྤྱང་ཀི་ཡང་ཅུང་ཧད་པར་གྱུར་ནས་འཛུམ་དམུལ་དམུལ་གྱིས། ར་ཕོ་ལགས། ཁྱོད་ཀྱི་མགོ་ལ་སྲ་མཁྲེགས་རྡོ་རྗེ་རྩེ་བརྒྱ་ལྟ་བུ་ཞིག་ཡོད་པ་དེ་ཅི་རེད། ཞེས་དྲིས་པ་ན། ར་ཕོས་རྫིག་ཉམས་ཆེན་པོས། འདི་ནི་ལྷ་ཚངས་པས་གནང་བའི་གཅན་གཟན་འགོག་བྱེད་ཀྱི་རྡོ་རྗེ་རྭ་ཅོ་ཡིན་ཞེས་ཟེར། སྤྱང་ཀིས་རྭ་ཅོ་དེའི་སྟོབས་ཆེ་ཆུང་ཅི་འདྲ་འདུག ཁྱོད་ཀྱིས་ང་ལ་བསྟན་ན་ཆོག་གམ། ཞེས་ཟེར། ར་ཕོས། འོ། ཁྱོད་དེ་རུ་སྡོད་དང་ངས་ཁྱོད་ལ་བསྟན་ཆོག་ཟེར་ནས། རྒྱང་རིང་ནས་རྒྱུག་འོང་སྟེ་སྤྱང་ཀིར་གཅིག་རྡུང་བས་སྤྱང་ཀིའི་གསུས་འོག་ནས་ཤོར་བར་གྱུར་པ་ན། ཨ་ཁ། ད་ཐེངས་དམའ་སོང་། ད་ཐེངས་དམའ་སོང་ཟེར།

 

དེ་ནས་ར་མས། ཡ། ད་ངས་ཡང་བསྐྱར་ཐེངས་གཅིག་རྡུང་ཟེར། སྤྱང་ཀི་སྔར་ལྟར་བསྡད་པ་ལ། ར་ཕོ་རྒྱང་རིང་ནས་རྒྱུག་འོང་ནས་རྡུང་བ་ལ་སྤྱང་ཀིའི་ཐོག་ནས་ཕར་ཤོར། ཨ་ཁ། ད་ཐེངས་མཐོ་དྲགས་སོང་།ངས་སླར་ཡང་གཅིག་རྡོང་བར་བྱ། ཐེངས་འདིར་མི་མཐོ་མི་དམའ་བར་བརྡུང་བར་བྱ། ཞེས་པ་ན། སྤྱང་ཀི་ར་ཕོའི་རྡུང་ཤོམ་ལ་བལྟས་ནས་སྐྲག་སྟེ་དོན་དག་ཅིག་ལ་ཁ་གཡར་ནས་གཡོལ།

སྤྱང་ཀིས་ཆུ་བོ་དེར་བརྒལ་ནས་ཕྱིར་མིག་ཅིག་བལྟས་ཚེ། ར་ཕོས་བག་ཕེབས་ཀྱི་ངང་ཆུ་འཐུང་རྗེས་རྭ་ཅོ་ཕ་བོང་ཞིག་ལ་གཏད་ནས་ཉལ་འདུག་པ་མཐོང་བས། ཡང་ཁོར་ར་ཤ་ཟ་བའི་འགྲམ་ཆུ་འཁོར་ནས་ཕྱིར་ཡོང་བ་ན། ར་ཕོས། སྤྱང་ཀི་ལགས། ཁྱོད་ཏོག་ཙམ་སྡོད་དང་། ངས་རྭ་ཅོ་ཕ་བོང་ལ་བརྡར་རྗེས་ཁྱོད་ལ་རྩལ་སྟོབས་ཤིག་ངོམ། ཞེས་པ་ན། སྤྱང་ཀི་མཆོང་རྒྱུག་འདུར་གསུམ་གྱིས་རྒྱང་རིང་གི་ཡུལ་དུ་བྲོས་སོང་ངོ། དེ་ལྟར་ར་ཕོས་རང་གི་བློ་གྲོས་ལ་བརྟེན་ནས་སྤྱང་ལྟོགས་དེའི་ཁ་ནས་ཐར་བར་གྱུར།

 

  • རི་མོ་འབྲི་མཁན་མཁས་གྲུབ་ཡིན།
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

 

Topic: ༄༅།། ར་མ་བློ་གྲོས་ཅན་དང་སྤྱང་ཀི།

No comments found.

New comment