༄༅།། རྨ་བྱ་དང་ཁྭ་ཏ།

༄༅།། རྨ་བྱ་དང་ཁྭ་ཏ།

 

གནའ་སྔ་མོ་ཞིག་ལ། རྨ་ཆུའི་ཁ་རུ་རྨ་བྱ་ཞིག་ཡོད་པ་རེད། རྨ་བྱ་དེ་གླུ་ལེན་གར་རྩེད་ལ་མཁས་པ་ན་ཟད། མཛེས་ཤིང་སྒེག་ཉམས་ལྡན་པས་བྱ་བརྒྱ་ཤིན་ཏུ་སྨོན་ཞིང་གུས། དུས་དེ་ནས་བཟུང་རྨ་བྱར་ང་རྒྱལ་ཁེངས་དྲེགས་སྐྱེས་ཤིང་བྱ་གཞན་ལ་མཐོང་ཆུང་བྱས།

 

ཉིན་ཞིག་ཁོའི་ཁྱིམ་མཚེས་ཁ་ཏ་ལ་ཁྱོད་ཀྱི་ལུས་ཡོངས་ནག་ཏིག་ཏིག་མི་སྡུག་པ་མ་ཟད། གླུ་ལེན་གར་རྩེད་ཀྱང་མི་ཤེས་པ་ཞིག་ང་ལྟ་བའི་མཚན་སྙན་གྲགས་ཅན་ཞིག་དང་མཉམ་དུ་བསྡད་ན་འགྲིག་གམ་ཞེས་པར། ཁྭ་ཏས་ཉན་རྗེས་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་ཞེ་ནས་ལངས་ཏེ། ལོ་གསུམ་གྱི་རྗེས་སུ་བདགགི་མཚན་སྙན་གྲགས་ཀྱང་རྨ་བྱ་ལས་བརྒལ་དགོས་སྙམ་པའི་སེམས་ཐག་བཅད།

 

དེ་ནས་ཁྭ་ཏ་ས་གཞན་ལ་སོང་སྟེ་བྱ་བ་ངན་པའམ་ལྷག་པར་དུ་མི་ཤི་བ་འདྲ་ཁ་མ་དྲོ་བའི་བྱ་བ་བྱུང་ཚེ། ཁོས་ཨ་བ། ཨ་བ་ཞེས་མང་ཙམ་གྲགས་པ་ན། རིམ་བཞིན་ཁོ་གང་དུ་གྲགས་ན་ས་དེར་བཀྲ་མི་ཤིས་པའི་བྱ་བ་རེ་བྱུང་། དེ་ནས་བཟུང་ཁྭ་ཏ་ཞེས་གླེང་བ་ཙམ་གྱིས་མི་རྣམས་རང་དབང་མེད་པར་། འདར་གྱིན་འདུག་ལ། ཁྭ་ཏའི་ལྟས་ངན་མིང་ངན་ཡང་ཀུན་ཏུ་ཁྱབ།

 

ལོ་གསུམ་གྱི་རྗེས་སུ། ཁྭ་ཏ་ཕྱིར་རྨ་ཆུའི་ཁར་འབྱོར་དུས་རྨ་བྱ་ཡིས་རང་འཁོར་བྱ་བརྒྱ་ཁྲིད་དེ་ཐག་རིང་ལ་བསུ་བར་ཡོང་མ་ཟད། ད་དུང་རྨ་བྱས་ཁྭ་ཏ་་ལ་སྔོན་ཆད་ཁྱིམ་མཚེས་ཡིན་དུས་མ་འགྲིག་ས་རེ་ཡོད་ན་ཐུགས་རྒྱལ་མི་བཞེངས་པར་མཁྱེན་ཞེས་ཞུས།

ཁྭ་ཏས་ཐོས་རྗེས་དོགས་པ་སྐྱེས་ཏེ་ཁ་རོག་ཏུ་གྲོགས་པོ་ཆུང་ངུ་ཁང་བྱིའུ་ལ་འདིའི་དོན་ཅི་ཡིན་ཞེས་དྲིས་དུས། ཁང་བྱིའུ་ཡིས་འདི་ནི་གསལ་བོ་མ་ཡིན་ནམ། ད་ལྟ་ཁྱོད་ནི་མིང་གྲགས་ཅན་ཡིན་པས་སུས་ཁྱོད་ལ་ཕོག་ཐུག་གཏོང་ཕོད་དམ། ཁྱོད་ཀྱིས་་་ཨ་བ་་་་ཨ་་་བ། ཞེས་པ་ན་མི་གཞན་གྱི་འགོ་ལ་སྡུག་བསྔལ་འབྱུང་བས་རྨ་བྱ་ཁྱོད་ལ་མི་སྐྲག་ཀ་མེད་བྱུང་བ་རེད་ཟེར་རོ། །

 

  • རི་མོ་འབྲི་མཁན་མཁས་གྲུབ་ཡིན།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Topic: ༄༅།། རྨ་བྱ་དང་ཁྭ་ཏ།

No comments found.

New comment