༅།།བྱིས་པ་རེ་ལ་འཚམ་པའི་སློབ་གསོ་གསར་བསྐྲུན་བྱ།

༅།།བྱིས་པ་རེ་ལ་འཚམ་པའི་སློབ་གསོ་གསར་བསྐྲུན་བྱ།

  ལིས་ཀྲིན་ཐོ་ཡིས་བརྩམས།

སྤྱི་རྒན་ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

 

   འདི་ནི་དུས་བསྟུན་ཡར་སྐུལ་ལ་མཁོ་བའི་སྲོལ་རྒྱུན་ཞིག་མིན་པར། ལྡོག་སྟེ་རྩ་བ་ནས་མི་འགྱུར་བའི་སློབ་གསོའི་རྒྱུན་ཤེས་ཤིག་དང་། དུས་རྒྱུན་བརྗེད་ཡོད་པའི་སློབ་གསོའི་རྒྱུན་ཤེས་ཤིག་ཀྱང་རེད།

   པེ་ཅིན་གྱི་ཁྱིམ་བདག་ཅིག་གིས་བུ་མོ་ལ་རྣོ་སྦྲེང་ཞིག་ཉོས་པ་དེ། རོལ་དབྱངས་པ་ཞིག་གསོང་སྐྱོང་གི་ཆེད་དུ་མིན་ལ། རྒྱུགས་སྤྲོད་པའི་ཆེད་དུ་ཡང་མིན་པར་ཁོ་རང་ལ་རོལ་དབྱངས་ཀྱི་སྦྱངས་འབྲས་འོས་འཚམ་ཞིག་ཡོད་པའི་ཆེད་དུ་རེད། ཁོང་ཚོའི་མིག་ནང་གི་མཛངས་མ་ནི་རྣོ་སྦྲེང་དཀྲོལ་ཤེས་མཁན་ཞིག་ཡིན་མོད། འོན་ཀྱང་བུ་མོ་ཡོད་ཚད་རྣོ་སྦྲང་ལ་སྤྲོ་སྣང་ཡོད་མཁན་མིན་པས། ཤིན་ཏུ་འགྱོད་པ་ཞིག་ལ། ཁོང་གཉིས་ཀྱི་བུ་མོ་རྣ་སྦྲང་ལ་སྤྲོ་སྣང་ཆེན་པོ་མེད་ཀྱང་། དེ་ལ་འགོག་རྒོལ་གྱི་ནུས་པོ་མེད་པས། དུས་རྒྱུན་ཕ་མའི་ལྟ་སྐུལ་བཙན་པོའི་འོག་ནས་རྣོ་སྦྲང་སྦྱངས་ནས་སྡུག་བསྔལ་མི་བཟོད་པ་མྱངས། བུ་མོ་ནི་བློ་རིག་ལྡན་ལ་ཐེ་ཚོམ་མེད་པ་ཞིག་ཀྱང་ཡིན་པས། མཇུག་མཐར་བུ་མོས་གྲུ་ཡིས་རང་གི་ལག་པའི་རྩ་བཅད། དེ་དང་མཉམ་དུ་ཕ་མའི་རེ་འདུན་ཀྱང་བཅད། སྨན་ཁང་དུ་བསྐྱལ་བ་ན་སྨན་པས་འདི་ལྟར་བྱེད་དོན་ཧ་མ་གོ་བས། སྡུག་བསྔལ་ཅི་ཞིག་གི་དོན་དུ་འདི་འདྲ་བྱས་པ་ཡིན། ཇི་འདྲའི་སྡུག་པ་ལ་ཟེར་བ་ན། བུ་མོས་འཛེམ་དོགས་མེད་པར་གཅོད་པའི་སྡུག་བསྔལ་གནས་སྐབས་ཙམ། མ་གཅོད་སྡུག་བསྔལ་ཚེ་གཅིག་རིང་ཞེས་ལན་བཏབ་སོང་།

 

   ཁྱིམ་བདག་ཡིན་པ་གཅིག་ཡིན་མོད། འཇར་མན་གྱི་ཨ་ཕ་ཞིག་གིས་སློབ་གསོ་བྱེད་ཐབས་མི་འདྲ་བ་ཞིག་བསྟན་སོང་། ཁོང་གི་བུ་ཚས་དམའ་འབྲིང་མཐར་ཕྱིན་རྗེས་སློབ་སྦྱོང་བྱས་ན་མི་འདོད། ཤིང་བཟོ་སྦྱོང་དུ་འགྲོ་རྒྱུ་ཟེར་བ་ན། དེ་མ་ཐག་ཏུ་ཨ་ཕ་ལ་རྣམ་འགྱུར་འདྲ་མེད་ལ། བྱ་བ་འདི་ནི་ཅིས་ཀྱང་མི་ཚེ་གཅིག་དང་འབྲེལ་བའི་ཐག་གཅོད་ཆེན་པོ་ཞིག་ཡིན་སྟབས་གཟབ་ནན་གྱི་བསམ་གཞིག་དགོས་པས། གཟའ་འཁོར་གཅིག་ལ་བུ་ཚར་ཞིབ་ཏུ་བསམ་གཞིག་བྱེད་དུ་བཅུག གཟའ་འཁོར་གཅིག་གི་རྗེས་ནས་བུ་ཚས་ཨ་ཕ་ལ་སྔར་བཞིན་ཤིང་བཟོ་སྦྱོང་དུ་འགྲོ་རྒྱུ་ཡིན་པ་བཤད་པ་ན། ཨ་ཕས་སྐད་ཆ་ལྷག་མ་རེ་མ་བཤད་པར། དེ་མ་ཐག་ཚོང་ཁང་དུ་སོང་ནས་ཤིང་བཟོ་ལ་མཁོ་བའི་ཡོ་བྱད་ཆ་ཚང་ཞིག་ཉོས་ནས་བུ་ཚ་ལ་སྤྲད། ལོ་འགའ་འགོར་བའི་ཉིན་ཞིག་ལ་བུ་ཚ་ཕྱིར་ཐོན། ཨ་ཕ་ཤིན་ཏུ་དགའ་ནས་ཁྱོས་སྦྱངས་ཐུབ་སོང་ངམ་ཞེས་དྲིས་པ་ན། བུ་ཚས་མ་ཐུབ། ངས་ད་དུང་སྦྱངས་མ་ཐུབ། ད་ངས་མུ་མཐུད་དུ་དཔེ་ཆ་འདོན་ན་འདོད་ཅེས་ལན་བཏབ་སོང་ཡང་། ཨ་ཕས་ཅི་ཡང་མ་བཤད་པར་མ་ཟད་ཁོང་ལ་སློབ་གྲྭར་འགྲོ་བའི་བྱ་བ་གྲ་སྒྲིག་བྱས།

     ཕྱིར་འོང་བའི་བུ་ཚ་དམའ་འབྲིང་མཐར་ཕྱིན་དུས་ཀྱི་དེ་དང་མི་འདྲ་བར་ཁོ་རང་ལ་སློབ་སྦྱོང་གི་འདུན་པ་དང་ངར་ཤུགས་ཡོད་པར་གྱུར་ནས། ང་རང་གིས་སྦྱོང་དགོས་ཞེས་པ་ལས་ཁྱོས་ང་ལ་སྦྱོང་དགོས་ཞེས་པ་མིན། ཁོང་གིས་ད་དུང་མ་འོངས་འཕེལ་རྒྱས་ཀྱི་དམིགས་ཡུལ་འཛུགས་སྐྲུན་པ་ཞིག་ཏུ་འགྱུར་རྒྱུར་གསལ་ཐག་བཅད་འདུག དེའི་རྗེས་ནས་བཟུང་ནུས་ཤུགས་ཡོད་ཚད་སློབ་སྦྱོང་གི་སྟེང་དུ་བཀོལ་མཐར། རེ་བ་ལྟར་སློབ་ཆེན་གྱི་བཟོ་སྐྲུན་ཆེད་ལས་ལ་རྒྱུགས་འཕྲོད་ནས། རྗེས་ནས་འཇར་མན་གྱི་སློབ་དཔོན་ཆེན་མོ་རིམ་པའི་འཛུགས་སྐྲུན་པ་རུ་གྱུར་སོང་།

 

 

    སློབ་གསོ་བྱེད་ཐབས་མི་འདྲ་བ་གཉིས་ཀྱིས་དྲངས་ཡོང་བ་ནི་མི་ཚེ་མི་འདྲ་བ་གཉིས་ཡིན་ལ། རྒྱབ་ཕྱོགས་ནི་སློབ་གསོའི་འདུ་ཤེས་མི་འདྲ་བ་གཉིས་རེད། 

     བྱིས་པའི་ཚབ་བྱས་ནས་བགྲོད་ལམ་གདམ་རྒྱུ་ནས་ཡང་ན་བྱིས་པ་ཁོ་རང་ལ་བགྲོད་ལམ་འདེམ་དུ་འཇུག་རྒྱུ། 

     སློབ་གསོ་བས་བྱིས་པ་ལ་བདམས་པའི་བགྲོད་ལམ་ནི་ཁོ་རང་ཚོས་བགྲོད་ལམ་བཟང་བོ་རུ་འདོད་ཡོད་མོད། བྱིས་པ་དགའ་བའི་ངེས་པ་མེད། དེ་ལས་ཀྱང་བྱིས་པར་འཚམ་པའི་ངེས་པ་མེད། དེའི་ཕྱིར་སློབ་གསོ་ལས་བྱུང་བའི་སྐྱོ་གར་ནི་སློབ་གསོ་བས་བདམས་པའི་བགྲོད་ལམ་བྱིས་པས་ཁས་མི་ལེན་ཀ་མེད་བྱུང་སོང་བ་དང་། མཇུག་འབྲས་ནི་བྱིས་པ་རང་ལ་འཚམ་པའི་བགྲོད་ལམ་ཤོར་སོང་བ་དེ་རེད། 

    ངའི་ཕ་ཡུལ་གྱི་རྫོང་མཁར་ན་སློབ་གཙོ་གཞོན་པ་བྱས་ཡོད་པའི་སློབ་གྲོགས་ཤིག་གིས་ང་ལ་བཤད་རྒྱུར། ཁོང་གི་སློབ་མ་ཞིག་པེ་ཅིན་སློབ་ཆེན་ནས་མཐར་ཕྱིན་རྗེས་རྫོང་དུ་ཕྱིར་ཡོང་བ་ན། གནས་སྐབས་སུ་བྱ་མེད་པས་གང་སར་འཁྱམས་ནས། གྲོགས་པོ་དང་མཉམ་དུ་ཇ་འཐུང་བ་དང་ཁོ་བརྡ་བྱེད་པ་ཁོ་རང་གི་བྱ་བ་གཙོ་བོར་གྱུར་བས། ཁོང་གི་ཁྱིམ་བདག་གིས་རང་གི་གྲོགས་པོ་དང་ལས་གྲོགས་སོགས་ལ་ཞུ་བ་བྱས་ནས། བུ་ཚ་རྫོང་ཞིང་ལས་ཅུའུ་རུ་བཞག་ནས་ལས་ཀ་བྱེད་དུ་བཅུག ལས་འགན་གཙོ་བོ་ནི་མགོ་ཁྲིད་དང་མགྲོན་པོ་ལ་ཇ་འདྲེན་པ་དང་གཙང་སྦྲ་བྱེད་རྒྱུ་སོགས་རེད།

    ཡིན་ནའང་པེ་ཅིན་སློབ་གྲྭ་ཆེན་མོའི་སློབ་མས་ཕག་ཤ་འཚོང་བ་དེ་རིགས་ཀྱི་གསར་འགྱུར་ད་ལྟ་གསར་འགྱུར་མ་རེད། ང་རང་ཕ་ཡུལ་ནས་བྱུང་བའི་བྱ་བ་འདི་ལ་ཡ་མཚན་སོང་། རྩ་བའི་འབྱུང་ཚུལ་ཤེས་རྗེས་སློབ་མ་འདིས་ལོ་དེར་རེ་འདུན་འདེམ་དུས་པེ་ཅིན་སློབ་གྲྭ་ཆེན་མོ་མ་བདམས་ཀྱང་། འཛིན་བདག་དང་ཁྱིམ་བདག་གིས་ཁོ་རང་པེ་ཅིན་སློབ་གྲྭ་ཆེན་མོར་འགྲོ་ཐུབ་པའི་རེ་བ་ཡོད་པར་འདོད་ནས་ཨུ་ཚུགས་ཀྱིས་ཁོ་རང་ལ་པེ་ཅིན་སློབ་གྲྭ་ཆེན་མོ་འདེམ་དགོས་པའི་བླང་བྱ་བཏོན་པ་ན། ཁོང་གིས་ཀུན་གྱིས་དོ་སྣང་བྱེད་སའི་ཆེད་ལས་ཤིག་བདམས། པེ་ཅིན་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་རྗེས་ཆེད་ལས་ཚང་མ་སྤྲོ་སྣང་མེད་པ་ཤེས་སོང་མོད། ཤིང་གྲུ་རུ་གྱུར་སོང་བས་ཅི་བྱ་གཏོལ་མེད་དུ་གྱུར་ནས། ལོ་ངོ་བཞི་བོ་རྩེད་འཇོ་ཁོ་ནས་ཟད་དུ་བཅུག མཇུག་མཐར་ལག་སྟོང་ངང་ཕ་ཡུལ་དུ་ལོག

 

     བྱ་བ་ཚད་དེར་བསླེབས་པ་ན། ཁྱིམ་བདག་དང་དགེ་རྒན་གྱིས་འཁང་ར་བྱས་མོད། འོན་ཀྱང་འཁར་ར་བྱ་ཡུལ་དམིགས་བསལ་ཅི་ཡང་མེད་པར་སློབ་མའི་སྟེང་དུ་རུབ། མདུན་ལམ་མེད་པ་དང་བྱ་བ་མེད་པ་ནི་ཆེས་ཡོངས་ཁྱབ་ཀྱི་སྐྱོན་བརྗོད་ཡིན་ངེས། ཡིན་ཡང་ཕལ་ཆེར་རང་ཉིད་ལ་ཕྱིར་བསྐྱོད་པའི་མི་མི་འདུག ལོ་དེའི་རིང་གི་ནོར་འཁྲུལ་གྱི་ཐག་གཅོད་ལ་བསམ་གཞིག་བྱས་ཏེ། སློབ་གསོའི་སྟེང་གི་གནད་དོན་བཙལ་ནས་རྩ་བའི་གནད་དོན་ལ་བསམ་གཞིག་བྱེད་མཁན་མི་འདུག ལོ་དེར། ཁོ་རང་ཚོས་སློབ་མ་འདིའི་ཚབ་བྱས་ནས་ཆེད་ལས་བདམས་པ་དེ་མི་ཚེའི་བགྲོད་ལམ་ཁོ་རང་ལ་འཚམ་མམ།

     བྱིས་པ་གཉིས་ཡོད། གཅིག་རྣོ་སྦྲང་དཀྲོལ་བར་སྤྲོ། རོལ་མོ་བ་བྱས་ན་འདོད། གཅིག་རི་མོ་འབྲི་བར་དགའ། རི་མོ་བ་བྱས་ནས་འདོད་ཡོད། ལས་ངན་པ་ཞིག་ལ། གློ་བུར་དུ་རོལ་དབྱངས་པ་བྱས་ན་འདོད་ཡོད་པའི་བྱིས་པ་དའི་རྣ་བ་འོན་སོང་། རི་མོ་བ་བྱས་ན་འདོད་ཡོད་པའི་བྱིས་པ་དེའི་མིག་ཟུང་ལོང་སོང་བས། བྱིས་པ་གཉིས་ཀྱི་སེམས་ཤིན་ཏུ་སྡུག་ནས་མིག་ཆུ་བཞུར། ལས་དབང་ཤིན་ཏུ་འདྲ་མཉམ་མ་ཡིན་པ་ལ་འཁང་ར་བྱས།

    ཏག་ཏག་སྐབས་དེར་རྒན་པོ་ཞིག་ཁོང་གཉིས་ཀྱི་འགྲམ་དུ་བརྒྱུད་སྐབས། ཁོང་གཉིས་ཀྱི་འཁང་ར་ཐོས་པས། རྒན་པོ་མདུན་དུ་སོང་ནས་ཐོག་མར་རྣ་བ་འོན་པའི་བྱིས་པ་ལ་ལག་བརྡ་བསྟན་ནས་བཤད་རྒྱུར་ཁྱོའི་རྣ་བ་འོན་སོང་ཡང་མིག་གསལ་བོ་རེད་མོ། ཅིའི་ཕྱིར་རི་མོ་སྦྱོང་བར་མི་བསྒྱུར། མཐུད་ནས་ཁོང་གིས་མིག་ཟུང་ལོང་བའི་བྱིས་པར་བཤད་རྒྱུར། ཁྱོའི་མིག་ཟུང་ལོང་སོང་ཡང་རྣ་བ་རྣོན་པོ་རེད་མོ། ཅིའི་ཕྱིར་རྣོ་སྦྲང་སྦྱོང་བར་མི་བསྒྱུར། འདི་ལྟར་བཤད་པ་བྱིས་པ་གཉིས་ཀྱིས་ཐོས་པ་ན། ཁོང་གཉིས་ཀྱིས་མིག་ཆུ་གཙང་མར་ཕྱིས་ནས་འཚོལ་སྙེག་གསར་བའི་མགོ་བརྩམས།

 

    བར་ཆད་གཏོང་བའི་འུར་སྒྲ་ཡོད་ཚད་བཀག་ནས་ཚད་མཐོན་པོས་སེམས་ཤུགས་གཅིག་སྡུད་བྱ་ཆོག་པས། རི་མོ་སྦྱོང་བར་བསྒྱུར་བའི་བྱིས་པར་རིམ་གྱིས་རྣ་བ་འོན་སོང་བ་ལྷག་ཏུ་བཟང་བའི་ཚོར་བ་སྐྱེས། དོན་སྙིང་མེད་པའི་སུན་སྣང་མང་པོ་མེད་པར་བཟོས་ནས་བསམ་གཞིག་གཅིག་སྡུད་འགྲན་ཟླ་མེད་པ་བྱེད་ཆོག་པས། རྣོ་སྦྲང་སྦྱོང་བར་བསྒྱུར་བའི་བྱིས་པར་དལ་མོར་མིག་ཟུང་ལོང་སོང་བ་ཕན་པ་ཡོད་པའི་སྣང་བ་ཤར།

    རྣ་བ་འོན་པའི་བྱིས་པ་རྗེས་སུ་རི་མོ་བ་རུ་གྱུར་ནས་མཚན་སྙན་ཕྱོགས་བཞིར་གྲགས། མིག་ཟུང་ལོང་བའི་བྱིས་པ་རྗེས་སུ་རོལ་མོ་བ་རུ་གྱུར་ནས་སྙན་གྲགས་གནམ་འོག་ཏུ་ཁྱབ། ཉིན་ཞིག་ལ་རི་མོ་བ་དང་རོལ་དབྱངས་པ་གཉིས་ཡང་རྒན་པོ་དེ་ལ་འཕྲད་པ་ན། ཁོ་རང་གཉིས་ཡིད་འགུག་ཐེབས་ནས་རྒན་པོར་འཐམས་ཏེ་མཐུད་ནས་བཀའ་དྲིན་ཞུས་པ་ན། རྒན་པོ་དགོད་ཀྱིན་དུ་བཤད་རྒྱུར། བཀའ་དྲིན་ཞུ་མི་དགོས། ལས་དབང་གིས་བགྲོད་ལམ་གཅིག་བཀག་ཟིན་ན་ཡང་བརྩོན་པ་བྱས་ཚེ། ཁོང་གིས་རྟག་པར་བགྲོད་ལམ་གཞན་ཞིག་བཞག་ཡོད། འདི་ནི་དོན་དངོས་ཀྱིས་བདེན་དཔང་བྱས་ཡོད།

 

    འདི་ནི་རྒན་པོའི་བཤད་ཚུལ་རེད། སློབ་གསོའི་ལངས་ཕྱོགས་ནས་བལྟས་ན་རྒན་པས་ཡང་དག་པའི་བྱ་བ་གཉིས་བསྒྲུབས་སོང་། བྱིས་པ་གཉིས་ཀྱི་ཁྱད་ཆོས་གསལ་བོར་མཐོང་ནས་ཁོང་གཉིས་ལ་རོགས་རམ་བྱས་ཏེ་རང་ཉིད་ལ་འཚམ་པའི་བགྲོད་ལམ་བཙལ་སོང་ངོ་།།