དྲི་ཟའི་བུ་མོ་དང་ལྷམ་བཟོ་པ།

དྲི་ཟའི་བུ་མོ་དང་ལྷམ་བཟོ་པ།

དྲི་ཟའི་བུ་མོ་དང་ལྷམ་བཟོ་པ།


འདི་ལྷམ་བཟོ་པ་བགྲེས་པོ་དེ་རེད། མོ་ལྷམ་བཟོ་པའི་བཟའ་ཟླ་བགྲེས་མོ་དེ་རེད། ལྷམ་བཟོ་པ་དང་ཁོའི་བཟའ་ཟླ་གཉིས་ལ་དངུལ་ཅུང་ཙམ་ཡང་མེད། ལྷམ་བཟོ་པ་བགྲེས་པོ་དེ་ཁོ་རང་གི་ལྷམ་ཁང་ནང་དུ་ཡོད་ལ། ལྷམ་ཁང་ནང་ན་ཁོ་ལ་ཀོ་ལྷམ་ཁ་ཤས་ཡོད། ཁོས་ལྷམ་ཁང་ནང་ནས་ཀོ་ལྷམ་འགའ་གཤགས་ནས་བསྡད།
བར་མཚམས་ཤིག་ནས་ལྷམ་བཟོ་པ་ཐང་ཆད་དེ། ལྷམ་བཟོ་པས་ད་ང་ཉལ་རྒྱུ་ཡིན། ལྷམ་འདི་སང་ཉིན་ཞོགས་པར་བཟོ་ཆོག་ཅེས་ཁེར་བཤད་བྱས་ནས་ཉལ་གི་སོང་། ཕྱིར་ཉིན་ཞོགས་པར་ལྷམ་བཟོ་པ་ལྷམ་ཁང་ནང་ལ་ལས་ཀ་བྱེད་དུ་ཡོང་དུས་ན། 

ལྷམ་ཁང་ནང་ན་ལྷམ་གསར་བ་སྤུས་དག་འགའ་ཡོད་པར་མཐོང་བ་དང་། ཁོས་རང་གི་བཟའ་ཟླ་ལ། ལྷམ་འདི་ཁྱོད་ཀྱིས་བཟོས་པ་ཡིན་ནམ་ཞེས་དྲིས། བཟའ་ཟླ་མས་མིན། དེ་ངས་བཟོས་པ་མིན་ཞེས་བཤད།

 

ལྷམ་བཟོ་པས་ལྷམ་དེ་རྣམས་བཙོངས་པ་དང་ཁོ་ལ་ཀོ་ཉོ་བྱེད་ཀྱི་དངུལ་མང་ཙམ་རགས། ལྷམ་བཟོ་པ་བགྲེས་པོ་དེས་ད་ནི་ང་ལ་ལྷམ་བཟོ་སྤྱད་ཀྱི་ཀོ་ཡོད་པས་ལྷམ་མང་ཙམ་བཟོ་ཐུབ་སྙམ་ནས་དགའ་བར་གྱུར།

དེ་ནས་ལྷམ་བཟོ་པ་དང་ཁོའི་བཟའ་ཟླ་གཉིས་ཀྱིས་ལྷམ་ཁ་ཤས་གཤགས་ནས་ལྷམ་ཁང་ནང་དུ་བསྒྲིགས་རྗེས། ཁོ དང་ཁོའི་བཟའ་ཟླ་གཉིས་ཉལ་ཁང་ལ་ཉལ་གི་བུད་སོང་།

ཕྱིར་ཉིན་ཞོགས་པར་ལྷམ་བཟོ་པ་རང་གི་ལྷམ་ཁང་ནང་ལ་ལྷམ་བཟོ་རུ་ཡོང་བ་ན། ཁོ་ཧང་སངས་བཞིན་རང་གི་བཟའ་ཟླ་ལ་ལྟོས་དང་། འདི་ཁྱོད་ཀྱིས་བཟོས་པ་ཡིན་ནམ་ཞེས་ལྷམ་གསར་བ་དེ་དག་རང་གི་བཟའ་ཟླ་ལ་བསྟན། བཟའ་ཟླ་མས་མིན། དེ་ངས་བཟོས་པ་མིན་ཞེས་བཤད།


ལྷམ་བཟོ་པས་ལྷམ་དེ་དག་བཙོངས་པ་དང་། ཁོ་ལ་ཀོ་ཉོ་བྱེད་ཀྱི་དངུལ་མང་ཙམ་རགས། དེ་ནས་ལྷམ་བཟོ་པས། དོན་ངོ་མ་ལྷམ་འདི་དག་སུས་ངེད་གཉིས་ལ་བཟོས་པ་ཡིན་ནམ། ངས་དེ་ཤེས་ན་འདོད་ཀི་ཟེར་ནས་ཁོ་གཉིས་སྦས་ནས་འདུག་རྒྱུར་ཐག་བཅད། 

ལྷམ་བཟོ་པས་ལྷམ་ཁ་ཤས་གཤགས་ནས་ལྷམ་ཁང་ནང་དུ་བཞག་སྟེ། ཁོ་དང་ཁོའི་བཟའ་ཟླ་གཉིས་གཞོགས་ཤིག་ནས་སྦས་བསྡད་པ་རེད། སུ་ཞིག་ཡོང་བར་ལྐོག་ལྟ་བྱས་ནས་བསྡད་པ་རེད།

དེ་ནས་ས་རུབ་རྗེས་དྲི་ཟའི་བུ་མོ་འགའ་ལྷམ་ཁང་ནང་དུ་ཕེབས་བྱུང་བ་དང་། ཁོ་ཚོས་ལྷམ་བཟོ་པའི་ཁང་བའི་ནང་ནས་ལྷམ་བཟོས་ནས་བསྡད། ལྷམ་བཟོ་པ་དང་ཁོའི་བཟའ་ཟླ་གཉིས་ཀྱིས་དེ་ལ་ལྐོག་ལྟ་བྱས་ནས་བསྡད་པ་རེད།

དྲི་ཟའི་བུ་མོ་རྣམས་ཀྱིས་ལྷམ་བཟོས་ཚར་རྗེས་ཕྱིར་རང་ཡུལ་དུ་ཕེབས་སོང་ལ། ལྷམ་བཟོ་པ་དང་ཁོའི་བཟའ་ཟླ་གཉིས་ལྷམ་ཁང་དུ་ཡོང་ནས་ལྷམ་ལ་བལྟས། ལྷམ་བཟོ་པས་དྲི་ཟའི་བུ་མོ་ཚོས་བཟོས་པའི་ལྷམ་ལག་ཏུ་བླངས་ནས་བལྟས་པ་ན། ལྷམ་བཟོ་བགྲེས་པོ་ཁོང་ལ་ཡིད་འགུལ་ཐེབས་ཤིང་མིག་ཆུ་བཞུར་ཏེ་འདི་ལྟར། དྲི་ཟའི་བུ་མོ་རྣམས་ཀྱིས་ངེད་གཉིས་ཀྱི་ཆེད་དུ་ལྷམ་འདི་བཟོས་པ་རེད། 

 

ངས་ཀྱང་དྲི་ཟའི་བུ་མོ་རྣམས་ལ་རོགས་བྱེད་དགོས་ཞེས་བཤད་པ་ན། བཟའ་ཟླ་མས་ཀྱང་དེ་ཡིན་ད་ཡིན། ངེད་གཉིས་ཀྱིས་ཁོ་ཚོར་རོགས་བྱེད་ཅེས་མོས་མཐུན་བྱས།

 
 
ངེད་གཉིས་ཀྱིས་དྲི་ཟའི་བུ་མོ་རྣམས་ལ་གྱོན་གོས་འགའ་བཟོས་ན་ག་འདྲ་འདུག་ཅེས་གྲོས་བྱས་པ་རེད། དེ་ནས་བགྲེས་པོ་ཁྱོ་ཤུག་གཉིས་ཀྱིས་ལྷམ་དང་གྱོན་གོས་བཟོ་འགོ་བརྩམས།

ལྷམ་བཟོ་པ་དང་ཁོའི་བཟའ་ཟླ་གཉིས་ཀྱིས་དཀའ་ལས་སྐུ་ཚེགས་བརྒྱབ་ནས་དྲི་ཟའི་བུ་མོ་རྣམས་ལ་གྱོན་གོས་དང་ལྷམ་བཟོས་པ་རེད།


ཉིན་དེར་བགྲེས་པོ་ཁྱོ་ཤུག་གཉིས་ཀྱིས་གྱོན་གོས་དང་ལྷམ་འགའ་བཟོས་ཚར་རྗེས་ལྷམ་ཁང་གི་ས་རྗེན་ཐོག་ལ་གྱོན་གོས་རྣམས་བཤམས་ནས་བཞག  དེ་ནས་ལྷམ་བཟོ་པ་དང་ཁོའི་བཟའ་ཟླ་གཉིས་ཡོལ་བའི་རྒྱབ་ལ་སྦས་བསྡད་པ་རེད།

དགོང་མོ་དེར་དྲི་ཟའི་བུ་མོ་རྣམས་ལྷམ་ཁང་ནང་དུ་ཕེབས་པ་ན། ཁོ་ཚོས་ཕན་ཚུན་ལ་ལྟོས་དང་། འདི་ན་ངེད་ཅག་ལ་གྱོན་གོས་ཡོད་ཀི་ཞེས་དགའ་དགའ་སྐྱིད་སྐྱིད་ངང་གནམ་ལྡིང་ས་ལྡིང་བྱས་པ་དང་། རྐང་པར་ལྷམ་གོན་པ་དང་། ལུས་ལ་གོས་གྱོན་ནས་ལྷམ་ཁང་ནང་ནས་རེ་ཞིག་ལ་རྩེད་མོར་གང་དགར་གཡེང་ནས་བསྡད་པ་རེད། དེ་ནས་ནམ་ལངས་ཁར་དྲི་ཟའི་བུ་མོ་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་ཕྱིར་རང་ཡུལ་ལ་ཕེབས་སོང་།

ལྷམ་བཟོ་པ་བགྲེས་པོ་ཁོང་དང་ཁོང་གི་བཟའ་ཟླ་གཉིས་ཀ་ཡང་དྲི་ཟའི་བུ་མོ་ཚོས་བཟོས་པའི་ལྷམ་བཙོངས་ནས་ཕྱུག་པོར་ཆགས་པ་དང་། ཁྱོ་ཤུག་བགྲེས་པོ་དེ་གཉིས་ཀྱིས་དགའ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱད་ནས་མི་ཚེའི་མཐའ་མཇུག་གི་འཚོ་བ་བསྐྱལ་བ་རེད་དོ། །

 

རྩོམ་པ་པོ། ཕི་རན་ཧི་ནཱ།
པར་རིས་འཆར་བཀོད་པ་ཇོན་དཱ་ཀུ
ཨ་དོན་ཉིས་བསྒྱུར།


 

 

Topic: དྲི་ཟའི་བུ་མོ་དང་ལྷམ་བཟོ་པ།

བཅོས་དགོས་བསམ་འཆར།

དགེ་བཤེས་ཤེས་རབ། | 25/11/2016

སྦས་ནས་འདུག་པ་རེད། འདི་ལ་་་་་ཡིབས་ནས་བསྡད་པ་རེད་ཟེར་ན་མི་བཟང་ངམ། གཞན་་་་ཚང་མ་ཡག་པོ་འདུག་པས་ཐུགས་རྗེ་ཆེ།

New comment