བསམ་ཉེས་དང་བྱ་ཉེས།

བསམ་ཉེས་དང་བྱ་ཉེས།

༄༅།། ནགས་གསེབ་ཅིག་ཏུ་སེམས་ཧ་ཅང་མཐུན་པའི་རྨ་བྱ་ཞིག་དང་ཕུག་རོན་ཞིག་གནས་ཡོད། ཁོང་གཉིས་ཀྱིས་སྐྱིད་སྡུག་གི་འཚོ་བ་མཉམ་ཏུ་བསྐྱལ་ནས་དུས་ཡིན་རིང་བོ་སོང་ཡོད་པ་རེད།  རྨ་བྱ་ལྟོགས་དུས་ཕུག་རོན་གྱིས་ཟས་འཚོལ་ཡོང་བ་དང་། ཕུག་རོན་གྲང་དུས་རྨ་བྱས་གོས་འཚོལ་ཡོང་བའི་ལུགས་སྲོལ་ཡོད་དོ། །

 

 

 

 

 

 

 

 

ཉིན་ཞིག་ནགས་གསེབ་དེར་གནས་པའི་འདབ་ཆགས་རྣམས་ལ་བྱ་རྒྱལ་གྱི་བཀའ་ཤོག་སླེབས་ཏེ་དཔོན་ཆུང་ཞིག་འདེམས་དགོས་ཞེས་གསུང་འདུག   བྱ་རྣམས་ཀྱིས་གྲོས་བསྡུར་ཏེ་རྨ་བྱ་འམ་ཕུག་རོན་གང་རུང་ཞིག་དཔོན་ཆུང་གི་གོ་སར་གདམ་འོས་པ་གྲོས་འཆམས་སོ། །

ཕུག་རོན་གྱིས་དཔོན་ཆུང་གི་གོ་གནས་ལས་གྲོགས་པོའི་བར་གྱི་དམ་ཚིག་གལ་ཆེ་བར་སྙམ་སྟེ། གོ་གནས་དེ་རང་གི་གྲོགས་པོ་རྨ་བྱ་ལ་སྤྲད་རྒྱུའི་སེམས་ཐག་བཅད་པ་དང་། ཡང་སེམས་ལ། དོན་དེ་དངོས་སུ་རྨ་བྱ་ལ་བཤད་ན་ཁོང་གིས་ནམ་ཡང་ཁས་ལེན་བྱེད་མི་སྲིད་སྙམ་སྟེ། རྨ་བྱས་མ་ཚོར་བ་བྱས་ཏེ་བྱ་རྒྱལ་གྱི་མདུན་དུ་བསྐྱོད།  ལམ་བར་དུ། ཤིང་སྡོང་ཞིག་གི་མགོ་ནས་རས་ཐུམ་སེར་པོ་ཞིག་རྙེད་པ་དང་།  ཁ་ནས། བསམ་པ་གཞན་ལ་དཀར་ན། འབྲས་བུ་རང་ལ་བཟང་ཟེར་བ་ལོས་བདེན་ཞེས་རས་ཐུམ་དེ་ཨམ་ཕྲག་ནང་དུ་བླུགས་ནས་བྱ་རྒྱལ་གྱི་ཕོ་བྲང་གི་ཕྱོགས་སུ་བསྐྱོད།

དེ་ནས་ཕུག་རོན་བྱ་རྒྱལ་ལ་འཇལ་ཏེ་དཔོན་ཆུང་གི་གོ་གནས་དེ་རང་གི་གྲོགས་པོ་རྨ་བྱར་སྤྲད་འོས་པའི་རྒྱུ་མཚན་མང་བོ་བགྲངས་མཐར། བྱ་རྒྱལ་ཕུག་རོན་གྱི་ཆོད་སེམས་ལ་ངོ་མཚར་བ་དང་དོན་དེ་ཁས་བླངས། ཕུག་རོན་དགའ་ཐག་ཆོད་དེ་ཕྱིར་ཚང་དུ་ལོག། དེ་ནས་ཨམ་ཕྲག་ནས་རས་ཐུམ་སེར་པོ་དེ་བླངས་ཏེ། ནང་དུ་བལྟས་པ་ན། ཡ་མཚན་པ་ཞིག་ལ་རས་ཐུམ་དེའི་ནང་དུ་རྨ་བྱའི་སྒོ་ང་ཞིག་ཡོད་པ་རེད།

དེ་ནས་རྨ་བྱས་བྱ་ཁྱུ་གཅིག་ཁྲིད་དེ་ཕུག་རོན་གྱི་ཚང་དུ་འུར་ཡོང་བ་དང་། ཕུག་རོན་ལ་བསམ་ལོངས་དྲན་ལོངས་མེད་པར་རྨ་བྱ་དང་བྱ་ཁྱུ་དེས་ཁོའི་ལུས་སྟེང་ནས་མར་བརྣན། རྐང་ལག་རྣམས་རྩྭ་འཇག་མས་བསྡམས། སྐད་ཆ་ཚིག་གཅིག་གྱང་བཤད་དབང་མ་སྤྲད་པར། རྨ་བྱས་འདི་སྐད་དུ་སྨྲས་སོ། དབང་དང་གོ་སར་ཐུག་དུས་ལ་རྒྱ་ཁོག་ན་མེད་པའི་གྲོགས་ངན། རྒྱུ་དང་ནོར་ལ་ཐུག་དུས་གྲོགས་པོའི་སྒོ་ང་རྐུ་པའི་ཧམ་ཆེན། དེ་རིང་ཁྱོད་བྱ་རྒྱལ་གྱི་དྲུང་དུ་ཁྲེད་དེ་ཉེས་པ་ཐེར་འདོན་བྱ་རྒྱུ་ཡིན་ཞེས་ཕུག་རོན་བྱ་མཁར་དུ་ཁྲིད།

ཁོང་ཚོ་བྱ་རྒྱལ་གྱི་མདུན་དུ་བསླེབས་དུས། རྨ་བྱས་སྐད་གསེང་མཐོན་པོས་ཕུག་རོན་གྱི་ནག་ཉེས་བསྒྲགས། བྱ་རྒྱལ་ཡ་མཚན་པ་དང་རེ་ཞིག་སྨྲ་བ་གང་ཡང་མེད་པར་ལུས། དེ་ནས་བྱ་རྒྱལ་གྱིས་རྨ་བྱའི་གདོང་ལ་བལྟས་ཏེ། འདི་སྐད་དུ།  ད་ནང་ཞོགས་པར་ཕུག་རོན་ངའི་སར་ཡོང་སྟེ་དཔོན་ཆུང་གི་གོ་གནས་ཁྱོད་ལ་ངེས་པར་སྤྲད་འོས་པའི་རྒྱུ་མཚན་མང་བོ་བགྲངས་སོང་བ་དང་། ངས་ཀྱང་ཕུག་རོན་ལ་དོན་དེ་ཡོང་བ་ཁས་བླངས་ཡོད་ཅེས་བཤད་མཚམས་དེར། རྨ་བྱས་རང་གི་པུས་མོ་སར་བཙུགས། ལག་ཟུང་ཐལ་མོ་སྤྱར་ཏེ། སྐད་ངག་ཆུང་ངས། ངས་གྲོགས་པོར་འཁྲེལ་མེད་བྱས་སོང་པས་། དགོངས་པ་མ་ཚོམ་རོགས། ང་ལ་ཉེས་ཆད་གཅོད་རོགས་གནང་ཞེས་ནན་གྱིས་ཞུས།  དེ་ནས་བྱ་རྒྱལ་ན་རེ།  གནད་དོན་འདིའི་འབྱུང་རྐྱེན་ཕན་ཚུན་ལ་སྐད་ཆ་ཐད་ཀར་མ་བཤད་པ་དེ་རེད། དེ་ན་ཕྱིན་ཆད་ཕན་ཚུན་ལ་ཐད་ཀར་སྐད་ཆ་བཤད་དེ་ལས་དོན་ཐག་གཅོད་བྱ་དགོས་ཞེས་བསླབ་བྱ་གནང་བ་དང་། ཕུག་རོན་གྱི་རེ་སྐུལ་ལྟར་རྨ་བྱ་ནགས་གསེབ་དེའི་་དཔོན་ཆུང་དུ་བརྐོས་པ་དང་། ཕུག་རོན་རྨ་བྱའི་སློབ་སྟོན་པར་བརྐོས། དེ་ནས་རྨ་བྱ་དང་ཕུག་རོན་གཉིས་ཀྱིས་ནགས་གསེབ་གྱི་འདབ་ཆགས་རྣམས་ཕ་མ་གཅིག་གི་སྤུན་ལྟར་བསྐྱངས་ཏེ་བདེ་བར་གནས་སོ།།

Contact Us