མཐུན་པ་སྤུན་བཞི།

མཐུན་པ་སྤུན་བཞི།

༄༅ །། གནའ་སྔ་མོ་ཞིག་ན། བྱ་གོང་མོ་ཞིག་གིས་ཁམ་བུའི་འབྲས་བུ་ཞིག་བཟུང་སྟེ། གངས་རི་ནས་གངས་རི་བརྒྱུད་དེ་འཕུར་འཕུར་ནས་སོང་བའི་མཐར། བྱང་ཕྱོགས་ཁ་བའི་ལྗོངས་དང་ཐག་ཧ་ཅང་མི་རིང་བའི་ས་ཆ། རང་བྱུང་མེ་ཏོག་གིས་ས་གཞི་གཡོགས་པའི་ལུང་བ་ཞིག་ཏུ་བསླེབས་པ་དང་། བྱ་གོང་མོའི་ཡིད་དབང་ཡོངས་སུ་དྲངས་ཏེ་ཁམ་བུའི་འབྲས་བུ་དེ་ལུང་བ་དེའི་མདོར་བཏབ།
 

དེ་ནས་དུས་ཡིན་རིང་བོ་སོང་བའི་ཉིན་ཞིག་ལ། རི་བོང་ཞིག་གིས་མེ་ཏོག་གི་ལོ་མ་ཟ་ཞོར་དུ་སྐྱེ་ཚལ་ནས་སྐྱེ་ཚལ་བརྒྱུད་དེ། བྱ་གོང་མོས་ཁམ་འབྲས་བཏབ་པའི་ས་དེར་བསླེབས་པ་ན། ས་དེའི་མཛེས་སྡུག་གིས་རི་བོང་གི་སེམས་པ་རབ་ཏུ་འཕྲོག་སྟེ་ས་དེར་གནས་བཅས་པ་དང་། བྱ་གོང་མོ་དང་ལྷན་དུ་ཁམ་སྡོང་ལ་ཆུ་བླུག་ནས་བསྡད།
 

དེ་ནས་ཡང་དུས་ཡིན་གང་འཚམས་སོང་བའི་ཉིན་ཞིག་ལ། སྤྲེའུ་ཞིག་གིས་ནགས་ཚལ་ནས་གནས་ཚལ་བརྒྱུད་དེ། མཆོང་ཞོར་དང་རྩེད་ཞོར། ཤིང་ཏོག་ཟ་ཞོར་དུ་བྱ་གོང་མོས་ཁམ་འབྲས་བཏབ་པའི་ས་དེར་བསླེབས་པ་ན། སྤྲེའི་སེམས་པའང་ས་དེའི་མཛེས་སྡུག་ལ་ཤོར་ནས་ས་དེ་རུ་གནས་བཅས་པ་དང་། བྱ་གོང་མོ་དང་། རི་བོང་གཉིས་དང་ལྷན་དུ། ཁམ་སྡོང་ལ་ཆུ་བླུག་ཞོར་དུ་རྩེད་མོ་རྩེས་ནས་བསྡད།
 

དེ་ནས་ཡང་དུས་ཡིན་རིང་བོ་འགོར་བའི་ཉིན་ཞིག་ལ། གླང་ཆེན་ཞིག་ཆུ་བོ་ནས་ཆུ་བོ་བརྒལ་ཏེ། རྒྱུག་ཞོར་དང་འདུར་ཞོར་དུ་བྱ་གོང་མོས་ཁམ་འབྲས་བཏབ་པའི་ས་དེར་བསླེབས་པ་ན། གླང་ཆེན་གྱི་སེམས་པའང་། ས་དེའི་མཛེས་སྡུག་གིས་འཕྲོག་སྟེ་ས་དེར་གནས་བཅས་ནས་བསྡད་པ་དང་། བྱ་གོང་མོ་དང་རི་བོང་། སྤྲེའུ་དང་ལྷན་དུ་རྩེད་མོ་རྩེས་ནས་བསྡད།

དེ་ནས་རིམ་གྱི་ཁམ་པའི་ལྗོན་ཤིང་རབ་ཏུ་རྒྱས་པ་དང་ཡལ་འདབས་འོག་ཏུ། བྱ་གོང་མོ་དང་རི་བོང་། སྤྲེའུ། གླང་ཆེན་བཞི་ཕ་མ་གཅིག་གི་སྤུན་ལྟར་བདེ་སྐྱིད་ཀྱི་དཔལ་ལ་མཉམ་དུ་ལོངས་སུ་སྤྱོད་བཞིན་གནས་སོ། །  དེ་ནས་ཁོང་རྣམས་ཀྱིས་འུ་ཅག་གི་མཛའ་སེམས་འོ་ཆུ་ལྟར་འདྲེས་ནས་ཡོད་ནའང་། ཕྱི་རབས་པ་ཚོར་མིག་དཔེ་ཡག་པོ་ཞིག་འཇོག་ཕྱིར། བཀུར་བསྟི་དང་བྱམས་སྐྱོང་གི་ལམ་སྲོལ་ཡག་པོ་ཞིག་འཛུགས་དགོས་ཞེས་ཁམ་པའི་ལྗོན་པ་དེ་ལ་ཚད་བཟུང་སྟེ་རྒན་གོ་རིམ་བརྟགས་པར་གྲོས་འཆམས་སོ། །   དེ་ནས་གླང་ཆེན་གྱིས་བཤད་རྒྱུར། ང་གནས་འདིར་བསླེབས་དུས་ཁམ་སྡོང་དེ་ངའི་ལུས་ཚད་དང་མཉམ་ཟེར། སྤྲེའུས་བཤད་རྒྱུར། ང་ཐོག་མར་འདིར་བསླེབས་དུས་ཁམ་སྡོང་ལ་ངའི་ལུས་ཙམ་དུ་འདུག་ཟེར། རི་བོང་གིས་བཤད་རྒྱུར། ང་ས་འདིར་བསླེབས་དུས་ཁམ་སྡོང་ལ་ངའི་ལུས་ཚད་ཙམ་དུ་འདུག་ཞེས་ཟེར། བྱ་གོང་མོས་བཤད་རྒྱུར། ངས་ཁམ་པའི་འབྲས་བུ་ས་འོག་དུ་སྤས་ནས་ཆུ་བླུག་པ་དང་ལུད་མང་བོ་བརྒྱབ་པ་ལ་བརྟེན་ནས་སྐྱེས་སོ་ཟེར།

 

དེ་ནས་ཁོང་རྣམས་ཀྱིས་རྒན་གོ་རིམ་ལྟར་གཞོན་པས་རྒན་པར་སྲི་ཞུ་བྱེད་པ་དང་། རྒན་པས་གཞོན་པ་ལ་བྱམས་སྐྱོང་གནང་བའི་སྲོལ་བཙུགས་ཏེ། གླང་ཆེན་གྱིས་སྤྲེའུ་ཁུར། སྤྲེའུས་རི་བོང་ཁུར། རི་བོང་གིས་བྱ་གོང་མོ་ཁུར་ནས་ཕན་ཚུན་མཛའ་གཅུགས་ཀྱི་ཐག་པ་དམ་པོས་སྦྲེལ་ཏེ་ཞི་དུལ་བག་ཡངས་ཀྱི་ངང་དུ་ཡིན་རིང་བོར་གནས་པ་ན། ཡུལ་དེར་གནས་པའི་གཅན་གཟན་དང་རི་དྭགས བྱ་དང་བྱེའུ་ཐམས་ཅད་ཀྱང་ཕན་ཚུན་འཚེ་བ་མེད་པར་ཕ་མ་གཅིག་གི་སྤུན་ལྟར་དགའ་བདེའི་དཔལ་ལ་རོལ་ཏེ་འཚོ་ཞིང་གནས། དེ་ནས་བཟུང་ཡུལ་ཁམས་ལ་ནད་མུག་འཁྲིགས་རྩོད་སོགས་མེད་པར་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་བྱུང་བའོ༎ ༎

 

  • ལྕགས་མོ་འཚོས་ལེགས་བཅོས་བྱས་པ་དང་མཁས་གྲུབ་གྱིས་རི་མོ་བྲིས།
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག