ཚོང་བ་དང་གཡོག་པོ།

ཚོང་བ་དང་གཡོག་པོ།

༄༅ །། དེ་སྔོན་ས་ཆ་ཞིག་ན། རང་འདོད་ཆེ་ཞིང་སེར་སྣ་ཅན་གྱི་ཚོང་བ་ཞིག་ཡོད། ཉིན་ཞིག་ཁོས་གཡོག་པོ་ཁྲིད་དེ་ལྷ་ས་རུ་ཚོང་བྱེད་དུ་སོང་། ལམ་བར་དུ་ཁོ་རང་གིས་རྟ་ཞོན་པ་དང་། གཡོག་པོར་ཅ་ལག་རྣམས་འཁུར་དུ་བཅུག་སྟེ། རྐང་ཐང་ལ་ཁོའི་རྗེས་ལ་འབྲངས་ནས་འགྲོ་རུ་བཅུག་པ་མ་ཟད། ཟས་ཞིམ་པོ་རྣམས་ཁོ་རང་གིས་ཟོས་ནས་གཡོག་པོ་ལ་ཟོས་ལྷག་དང་འཐུང་ལྷག་ཁོ་ན་སྤྲད།

ཁོང་གཉིས་ཀྱིས་ཉིན་མང་བོར་འགྲུལ་བཞུད་བྱས་རྗེས་གྲོང་ཁྱེར་ལྷ་ས་ལ་འབྱོར། ཉིན་ཞིག ཚོང་བ་དེ་ཚོང་དོན་ཞིག་གི་ཆེད་ཁོ་གཅིག་པུ་ས་ཆ་གཞན་ལ་འགྲོ་དགོས་བྱུང་པས། ཁོས་སྔ་ས་ནས་གཡག་ཤ་བཙོས་མ་རྣམས་སླ་ང་ཞིག་གི་ནང་དུ་བཅུག་པ་དང་། ཡང་ཟས་རིགས་གཞན་དག་སླ་ང་གཞན་ཞིག་གི་ནང་ལ་བཅུག དེ་ནས་ཁོས་མཛུབ་མོས་ཟས་རིགས་བཅུག་ཡོད་པའི་སླ་ང་བསྟན་ཏེ། སྣོད་འདིའི་ནང་གི་ཟས་རིགས་རྣམས་དུག་ཅན་ཡིན་པས་རྩ་བ་ནས་ཟ་མི་ཉན་ཞེས་དང་། ཡང་ཁོའི་མཛུབ་མོ་གཡག་ཤ་བཅུག་ཡོད་པའི་སླ་ང་དེ་བསྟན་ནས། སྣོད་འདིའི་ནང་དུའང་བྱ་དང་བྱེའུ་བཅུག་ཡོད། གལ་ཏེ་སྣོད་འདིའི་ཁ་ཕྱེས་པ་ཡིན་ན་བྱ་བྱེའུ་རྣམས་འཕུར་འགྲོ་བས། སྣོད་ཀྱི་ཁ་རྩ་བ་ནས་ཕྱེ་མི་ཉན་ཞེས་བཤད་དེ་ཕྱིན་སོང་། གཡོག་པོས་སྦྱིན་བདག་གིས་ཁོ་མགོ་སྐོར་གཏོང་གི་ཡོད་པ་ཤེས་ནའང་། མ་ཤེས་ཁུལ་གྱིས། ལེགས་སོ། སྦྱིན་བདག་ལགས། ཡིན་དང་ཡིན་ཞེས་ལན་བཏབས།

 

ཚོང་བ་ཁང་སྒོ་ནས་ཕྱིར་སོང་མ་ཐག་གཡོག་པོས་སླ་ང་གཉིས་ཀ་ཁུར་ཏེ། ཉེ་འགྲམ་གྱི་གླིང་ཀ་ཞིག་ལ་སྤྲོ་སྐྱིད་གཏོང་དུ་ཕྱིན། དེ་ནས་ཁོས་རོ་བཅུད་ལྡན་པའི་གཡག་ཤ་བཙོས་མ་དང་ཞིམ་མངར་ལྡན་པའི་ཟས་རིགས་ཚང་མ་ཟོས་ཏེ། ཡིད་ཚིམས་པར་བྱས་ནས་སྐྱིད་པོའི་ངང་གཉིད་ལ་ཡུར།

ཉིན་དེའི་དགོང་མོར། ཚོང་བ་དེ་ཕྱིར་ནང་དུ་ཐོན་དུས། གཡོག་པོ་དང་སླ་ང་གཉིས་ཀ་མཐོང་ཡུལ་ན་མེད་པ་རེད། དེ་ནས་ཁོས་གཡོག་པོ་ཞེས་འབོད་ཞོར་དང་སྡུག་ཞོར་དུ་ཁང་སྒོ་ནས་བུད་དེ་གང་སར་སྐད་བརྒྱབ། གཉིད་དུ་ཡུར་པའི་གཡོག་པོ་དང་སྟོང་བར་བུད་པའི་སླ་ང་གཉིས་ཀ་ཉེ་འགྲམ་གྱི་གླིང་ཀ་ཞིག་གི་ནང་དུ་རྙེད་དེ། ངའི་གཡག་ཤ་ཚོན་པོ་ཞེས་སྐད་ངན་ཤོར།དེ་ནས་གཡོག་པོ་གཉིད་ལས་སད་ནས་ན་རེ། སྦྱིན་བདག་ལགས། ད་ནང་སྐུ་ཉིད་ཕེབས་ནས་དུས་ཡུན་ཅུང་འགོར་རྗེས་སླ་ངའི་ནང་གི་བྱ་བྱེའུ་རྣམས་ཀྱིས་སྐད་ཅོར་མང་བོ་བརྒྱབ་པ་དང་། ངའི་སེམས་ལ། ཁོང་ཚོ་དབུགས་སུབ་ཐེབས་ཀྱི་ཡོད་ས་རེད་དྲན་ཏེ་སླ་ངའི་ཁ་ཅུང་ཟད་ཕྱེས་པ་ཡིན། སྟབས་མ་ལེགས་པ་ཞིག་ལ། སླ་ངའི་ནང་གི་བྱ་བྱའུ་ཚང་མ་འུར་དུར་སེ་ཡར་འཕུར་སོང་། དེ་ནས་ངའི་སེམས་ལ་ད་གསོན་པ་ལས་ཤི་ན་དགའ་སྙམ་སྟེ། གླིང་ཀ་འདིར་འོང་ནས་ཟ་མ་དུག་ཅན་ཆ་ཚང་ཟོས་པ་ཡིན། འོན་ཀྱང་ལམ་འགྲོ་མེད་པའི་གཡོག་ངན་ང་ད་དུང་ཤི་མ་སོང་ཞེས་ལན་བཏབས་སོ།།

 

ལྕགས་མོ་འཚོས་ལེགས་བཅོས་བྱས། མཁས་གྲུབ་གྱིས་བསྡུ་སྒྲིག་དང་རི་མོ་བྲིས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Contact Us