བོང་བུ་འཚོང་བ།

ཡོ་རོབ་གྱི་དམངས་ཁྲོད་སྒྲུང་གཏམ།

གནའ་སྔ་མོར་ཡོ་རོབ་ཀྱི་ལུང་པ་ཞིག་ན། ཞིང་པ་ཕ་བུ་གཉིས་ཡོད་པ་དང་། ཁོང་གཉིས་ལ་བོང་བུ་གཅིག་ལས་སྒོ་ཕྱུགས་གཞན་གཅིག་ཀྱང་མེད། བོང་བུ་དེར་བརྟེན་ནས་ཞིང་ལས་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།
ཉིན་ཞིག ཕ་བུ་དེ་གཉིས་ཀྱིས་ཞིང་ནང་དུ་ལས་ཀ་བྱེད་བཞིན་པའི་སྐབས་སུ། ཞིང་འགྲམ་གྱི་ལམ་ཟུར་ན་ངལ་གསོས་ཏེ་བསྡད་ཡོད་པའི་འགྲུལ་བ་གཉིས་ཀྱིས། བོང་བུའི་རིན་གོང་འཕར་བཞིན་པའི་སྐོར་གྱི་ཁ་བརྡ་བྱེད་ཀྱིན་པ་ཐོས། དེ་ནས་ཞིང་པ་རྒན་པོ་དེའི་སེམས་ལ། བོང་བུ་བཙོང་འདོད་སྐྱེས་པ་དང་། བོང་བུ་བཙོང་ན་ཁོང་ཕ་བུ་གཉིས་ཕྱུག་པོར་འགྱུར་ངེས་སྙམ་སྟེ་ན་རེ། ཡ། ཨ་ཕའི་གཅེས་ཕྲུག ངེད་གཉིས་ཀྱིས་བོང་བུ་འདི་བཙོང་སྟེ་ཚོང་ལས་གཉེར་ན་ག་འདྲ་འདུག་ཅེས་གྲོས་བྱས། བུའི་སེམས་ལ། ཚོང་ལས་གཉེར་ཐུབ་ན། ཞིང་ནང་དུ་དཀའ་ལས་མྱོང་མི་དགོས་བསམ་སྟེ། ཐེ་ཚོམ་མེད་པར་དོན་དག་དེར་མོས་མཐུན་བྱས།

ཕྱི་ཉིན་ཞིང་པ་ཕ་བུ་དེ་གཉིས་ཀྱིས་བོང་བུ་ཁྲིད་དེ་ཚོང་རར་སོང་། ལམ་བར་དུ་རྩྭ་ཐང་ཆེན་པོ་ཞིག་བརྒལ་ནས་སོང་བའི་ཚེ། ཕྱུག་རྫི་འགས་མཐོང་ནས། གཅིག་གིས་གཅིག་ལ། ཨ་རོགས་ཚོ། ལྟོས་དང་། ཕ་གིའི་ལམ་འགྲོ་བ་གཉིས་ལ་ལྟོས་དང་། ཁོང་གཉིས་ཇི་འདྲའི་གླེན་པ་གཉིས་རེད། ཚ་བ་འདི་འདྲ་ཆེ་ནའང་། བོང་བུ་ཞོན་ཤེས་ཀྱི་མི་འདུག་ཅེས་འཕྱ་སྨོད་བྱས།

ཕྱུག་རྫི་དེ་ཚོས་བཤད་པའི་སྐད་རྣམས་ཐོས་པས། ཞིང་པ་ཕ་བུ་གཉིས་ངོ་ཚ་སྟེ། ཕ་རྒན་ཀྱིས་བོང་བུ་ཞོན། བུས་མཐུར་མདའ་ནས་བཟུང་སྟེ་བོང་བུ་འཁྲིད་ནས་ལམ་དུ་ཆས། ལམ་བར་དུ་ན་གཞོན་འགར་ཐུག་པ་དང་། ན་གཞོན་གཅིག་གིས། ཡ། གྲོགས་པོ་ཚོ། ལྟོས་དང་། ཕ་རྒན་བརྩེ་བ་མེད་པ་དེར་ལྟོས་དང་། ཁོ་རང་གིས་བོང་བུ་ཞོན་པ་དང། བུ་ཆུང་ལ་མཐུར་མདའ་ནས་འཁྲིད་དུ་བཅུག་འདུག་ཅེས་འཕྱ་སྨོད་བྱས།

ན་གཞོན་དེས་བཤད་པའི་སྐད་ཆ་རྣམས་ཐོས་པས། ཞིང་པ་ཕ་བུ་གཉིས་ངོ་ཚ་སྟེ། ཕ་རྒན་བོང་བུའི་གོང་ནས་མར་བབས་པ་དང་། བུས་བོང་བུ་ཞོན་ནས་ལམ་དུ་ཆས། ལམ་བར་དུ་རྒན་རྒོན་གཉིས་ལ་ཐུག རྒན་པོ་ན་རེ། ལྟོས་དང་། རྒན་བཀུར་བའི་གོ་རིམ་གྱི་སྲོལ་ལ་བརྩི་བཀུར་མི་ཤེས་པ།བུ་མ་རབས་དེར་ལྟོས་དང་། ཁོ་རང་གིས་བོང་བུ་ཞོན། ཕ་རྒན་རྐང་ཐང་དུ་འགྲོ་རུ་བཅུག་འདུག་ཅེས་བཤད།


 

རྒན་རྒོན་དེ་གཉིས་ཀྱིས་བཤད་པའི་སྐད་ཆ་རྣམས་ཐོས་པས། ཞིང་པ་ཕ་བུ་གཉིས་ངོ་ཚ་སྟེ་ཅི་བྱེད་འདི་བྱེད་མེད་པར་གྱུར་བ་དང་། དེ་ནས་གཉིས་ཀས་མཉམ་དུ་བོང་བུ་ཞོན་ཏེ་ལམ་དུ་ཆས། ཁོང་གཉིས་ཚོང་རར་ཐོན་ལ་ཉེ་བའི་ལམ་བར་དུ་། མི་ཚོགས་མང་པོས་འཚང་ཀ་བརྒྱབ་ཏེ།་ཁོང་གཉིས་ཀྱི་མཐའ་སྐོར་བ་དང་། ཚང་མས་གཅིག་གིས་གཅིག་ལ། ལྟོས་དང་། སྙིང་རྗེ་མེད་པའི་མི་འདི་གཉིས་ལ་ལྟོས་དང་། བོང་བུ་ལས་ངན་དེ་སྙིང་རྗེ་ཞེས་བཤད་པ་ཐོས་བ་ན། ཁོང་གཉིས་ངོ་ཚ་བ་དང་སེམས་སྐྱོ་ནས་བོང་བུ་མ་བཙོང་བར་ཕྱིར་རང་ཁྱིམ་ལ་ལོག

དེ་ནས་བཟུང་ཕ་བུ་གཉིས་ཀྱིས་གཞན་གྱི་ཇི་བཤད་ལ་མ་ཉན་པར། རང་ཚུགས་བརྟན་པོ་བཟུང་ནས་ཞིང་ལས་ལ་ཧུར་ཐག་བྱས་པས་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་ཐུབ་པར་གྱུར་ཏོ།།

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 




Topic: ཡོ་རོབ་གྱི་དམངས་ཁྲོད་སྒྲུང་གཏམ་ཞིག

No comments found.

New comment