རི་བོང་དང་རུས་སྦལ།

རི་བོང་དང་རུས་སྦལ།

༄༅།། གནའ་སྔ་མོ་ཞིག་ལ་རི་འདབས་ཤིག་ན་རི་བོང་ཞིག་དང་རུས་སྦལ་ཞིག་གནས་ཡོད་པ་རེད། ཉིན་ཞིག་རི་བོང་དེ་རི་རྩེར་སོང་ནས་ཁོར་ཡུག་དེའི་མཛེས་ལྗོངས་ལ་ཞིབ་ལྟ་བྱེད་པའི་སྐབས་སུ། ཡིད་དབང་འཕྲོག་པ་དང་སེམས་ལ། ས་འདི་ང་རང་གཅིག་པུ་ལ་དབང་ན་ཇི་འདྲའི་སྐྱིད་ལ་ཨང་སྙམ།

 

དེ་ནས་རི་བོང་རུས་སྦལ་གྱི་སར་སོང་ནས། ཀ་ཡེ་ནུ་བོ། སང་ཉིན་ངེད་གཉིས་ཀྱིས་རྩལ་ཞིག་འགྲན་ན་ཆོག་གམ་ཞེས་དྲིས། རུས་སྦལ་གྱིས་རི་བོང་གི་རྩེད་མོ་ཡིན་པར་འདོད་དེ། ཕུ་བོ་དེ་ཆོག་དང་ཆོག་ཅེས་ལན་བཏབ། རི་བོང་ན་རེ། དེ་ན་ངེད་གཉིས་ཀྱིས་རི་འདབས་ནས་རི་རྩེ་ལ་རྒྱུག་རྩལ་འགྲན་རྒྱུ་བྱེད། གལ་ཏེ་ཁྱོད་རྒྱལ་བ་ཡིན་ན་ས་འདི་ཁྱེད་ལ་དབང་། གལ་ཏེ་ཁྱོད་ཕམ་སོང་ན། ས་འདི་ང་ལ་དབང་བ་ཡིན་པས། ཁྱོད་ས་ཆ་གཞན་ཞིག་ཏུ་སྤོར་དགོས་ཞེས་བཤད། རུས་སྦལ་གྱིས་གཞི་ནས་རི་བོང་གི་གཡོ་རྒྱུ་ཡིན་པ་ཤེས་ཏེ། སེམས་ལ་ཡ་ད་ཡིན་ན་ཁྱོན་ནས་འགྲིག་མ་སོང་། རི་བོང་གིས་ང་གནས་འདི་ནས་ཕར་བསྐྲད་རྩིས་རེད། ག་རེ་ད་ཇི་དགའ། རི་བོང་ནི་རྒྱུག་ན་མགྱོགས་པས། ངས་ཁོའི་རྗེས་མི་ཆོད། ད་ཐབས་ཤིག་མ་བྱས་ན་མི་ཡོང་བསམ་པ་དང་རེ་ཞིག་འདང་རྒྱབ་ནས་བསྡད།

 

དེ་ནས་ཅང་མ་འགོར་བར། ཁོས་ཐབས་ཤིག་རྙེད་དེ་རི་བོང་ལ། ཡ་ཕུ་བོ། དེ་ན་སང་ཉིན་ཞོགས་པར་ཉི་ཟེར་རི་རྩེར་ཕོག་པ་དང་མཉམ་དུ། མཚོ་འདབས་ཀྱི་རྡོ་ཕ་བོང་དེ་ནས་མགོ་བཙུགས་ཏེ་ཡར་རི་རྩེར་རྒྱུག་ན་ག་འདྲ་འདུག་ཅེས་དྲིས་པ་ན། རི་བོང་གི་སེམས་ལ་ད་ངའི་བསམ་དོན་འགྲུབ་སོང་སྙམ་སྟེ། མཆོང་ཞོར་དང་དགོད་ཞོར་དུ། སང་ཉིན་ཉི་ཟེར་རི་ལ་ཕོག་དུས་ང་རྡོ་ཕ་བོང་དེའི་རྩར་བསླེབ་ཐུབ་པ་བྱེད་ཅེས་ཕར་རྒྱུག་སོང་།

 

དགུང་མོ་དེར་རུས་སྦལ་གྱིས་རང་གི་གྲོགས་པོ་རུས་སྤལ་ཞིག་ཡོད་པ་དེར། སང་ཉིན་ཉི་ཟེར་རི་ལ་མ་ཕོག་སྔོན་དུ་ཁྱོད་རྡོ་ཕ་བོང་འདིའི་མགོར་འབྱོར་ལ་སྡོད་ཅེས་མངག་པ་དང་། ཡང་རུས་སྤལ་གཞན་ཞིག་རི་རྐེད་ནས་སྡོད་དུ་བཅུག རང་ཉིད་མཚན་གང་བོར་ཡར་རི་རྩེར་འཛེགས་ནས་བསྡད།

 

ཕྱི་ཉིན་ཉི་ཟེར་རི་ལ་ཕོག་དུས། རི་བོང་རི་འདབས་ཀྱི་རྡོ་ཕ་བོང་དེའི་རྩར་ཐོན་དུས། དེ་མ་ཐག་རྡོ་ཕ་བོང་སྟེང་གི་རུས་སྦལ་དེས་སྐད་ཆེན་པོས། ཕུ་བོ་རི་བོང་། ད་རྒྱུག་ཡ་ཞེས་ཀི་བཏབས། རི་བོང་གི་སེམས་ལ་དངས་སྐྲག་ལངས་པ་དང་། རུས་སྦལ་དེར་ལྟ་ལོང་ཙམ་ཡང་མ་བྱུང་བར། ཤུགས་ཀྱིས་ཡར་རི་རྩེའི་ཕྱོགས་སུ་རྒྱུག དེ་ནས་རི་བོང་རིའི་རྐེད་ལ་ཐོན་དུས། དེ་མ་ཐག་རི་རྐེད་དུ་ཡོད་པའི་རུས་སྦལ་དེས་སྐད་ཤུགས་ཆེན་པོས། ཡ་ཕུ་བོ་རི་བོང་། ད་རྒྱུག་ཡ་ཞེས་ཀི་བཏབས།


 

དེ་ནས་རི་བོང་རི་རྩེ་རུ་ཐོན་ལ་ཉེ་བ་ན། རུས་སྦལ་གྱིས་རི་རྩེ་ནས་སྐད་ཆེན་པོས། ཕུ་བོ་རི་བོང་ད་ང་རྒྱལ་སོང་ཞེས་སྐད་ཅོར་བརྒྱབ་པ་ན། རི་བོང་གིས་རུས་སྦལ་རི་རྩེར་བསླེབས་ཡོད་པ་མཐོང་ནས་ངོ་མདོག་འགྱུར་བ་དང་།མིག་ལས་མཆི་མ་འཐོར་ཞོར་དུ་གནས་དེ་ནས་བྱེ་ཐང་ཞིག་ལ་གནས་སྤོར་བ་རེད།

 

  • ལྕགས་མོ་འཚོས་ལེགས་བཅོས་བྱས་པ་དང་མཁས་གྲུབ་གྱིས་རི་མོ་བྲིས།
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག