ལྦ་མོ་དང་ཁྭ་ཏ།

ལྦ་མོ་དང་ཁྭ་ཏ།

༄༅།། གནའ་སྔ་མོ་ཞིག་ན། སྡོང་རྒན་ཞིག་གི་མགོ་ན་བྱ་ཁྭ་ཏ་ཞིག་གིས་ཚང་བཞག་ཡོད་པ་དང་། སྡོང་རྒན་དེའི་རྩ་ན་ཝ་མོ་མ་བུ་བཞིས་ཁུང་བུ་བརྐོས་ཏེ་ཝ་ཚང་བཅས་ཡོད་པ་རེད།

 

ཉིན་ཞིག་བྱ་ཁྭ་ཏས་ཤ་རྡོག་ཅིག་སྡོང་མགོ་རུ་བཟུང་འོང་ནས་ཟ་བཞིན་པའི་སྐབས།  སྡོང་རྩ་ན་ཡོད་པའི་ཝ་ཕྲུག་རྣམས་ཀྱིས་མཐོང་སྟེ་ཟ་འདོད་ཀྱི་འགྲམ་ཆུ་ཁ་ནས་འཛར་ཞོར་དུ། ཨ་ཁུ་ཁྭ་ཏ། ཨ་ཁུ་ཁྭ་ཏ་ལགས།  ཉིད་ཀྱིས་ཟ་བཞིན་པའི་ཤ་དེ་ག་འདྲའི་ཞུམ་མདོག་ལ།  ང་ཚོར་ཤ་རྡོག་རེ་སྤྲོད་དང་ཞེས་ཞུ་བ་འཐེན། ཁྭ་ཏས་ཤ་ལོག་ཤིང་སྡོང་གི་ཡལ་གའི་སྟེང་བཞག་སྟེ་རྫིགས་ཉམས་སྟོན་ཞོར་དུ་ན་རེ།  ཟས་ཞིམ་པོ་ཟ་འདོད་ན། རང་གིས་དཀའ་ལས་རྒྱག་དགོས་རེད་ཅེས་མ་སྤྲད་པ་རེད། 

 

 

དགོང་མོ་ཝ་མོ་ཁྱིམ་དུ་བསླེབས་དུས། ཕྲུག་གུ་རྣམས་ཀྱིས་ཁ་ཏས་ཤ་མ་སྤྲད་པའི་ལོ་རྒྱུས་བཤད་པ་ན། ཝ་མོས་ངའི་སྙིང་གི་གཅེས་ལོ་ཚོ། ཉོན་དང་། འཇིག་རྟེན་གྱི་གཏམ་དཔེར། དྲང་མོ་བཤད་ན་མི་དགའ་ཟེར་བ་ལྟར། བྱ་ཁྭ་ཏར་ངོ་སྟོད་བཤད་དགོས་པ་ལས།  དྲང་མོ་བཤད་ས་ཡོད་པ་མ་རེད།  སེང་ཉིན་ཁྱེད་རྣམས་ཀྱི་ལྟོས་དང་།  ངས་ཁ་ཏའི་ཁ་ནས་ཤ་རྡོག་ཞིག་ལེན་ཐབས་བྱེད་ཅེས་བཤད་ནས་ཉལ།

 

 

ཕྱི་ཉིན་ཁ་ཏྭས་ཡང་ཤ་རྡོག་ཞིག་སྡོང་མགོར་ཁྱེར་ཡོང་ནས་ཟ་གྲབས་བྱེད་བཞིན་པའི་སྐབས་སུ། ཝ་མོ་སྡོང་རྩར་སོང་སྟེ། ངག་འཇམ་པོས། ཨ་ཁུ་ཁྭ་ཏ་ལགས།  ཁྱོད་ཀྱི་ལུས་ནི་གསེར་ནག་གི་མདོག་ཡིན་པས། འཇིག་རྟེན་འདི་ན་ཁྱོད་ལས་མཛེས་པ་ཞིག་བྱུང་མྱོང་ཡོད་པ་མ་རེད། ཅེས་ཁ་ཡག་བཤད། ཁྭ་ཏ་ང་རྒྱལ་དང་བཅས་སྡོང་མགོ་ནས་གཤོག་རྡེབ་འགའ་བྱས་ནས་བསྡད།

 

 

ཝ་མོས་ཡང་བསྐྱར་འདི་སྐད་དུ།   ཨ་ཁུ་ཁྭ་ཏ་ལགས།  འདབ་ཆགས་གཞན་ཚོས་བཤད་ན།  ཁྱོད་བྱ་ཀ་ལ་བང་ཀའི་ཚ་བོ་རེད་ཟེར།  ཁྱོད་ལས་ལྷག་པའི་ངག་བདེ་བ་དང་།  སྐད་སྙན་པ་ཞིག་གནམ་འོག་ན་ཡོད་པ་མ་རེད་ཟེར་བས།  ཁྱོད་ཀྱིས་གླུ་ཞིག་ལེན་རོགས་ཞེས་ངོ་སྟོད་བྱས།  ཁྭ་ཏ་སྔར་ལས་ཀྱང་ང་རྒྱལ་སྐྱེས་པ་དང་།  སེམས་ལ།  ངས་ཝ་ངན་མ་འདི་ལ་གླུ་ཞིག་མ་བླངས་ན།  རྗེས་སུ་འདབ་ཆགས་གཞན་གྱིས་འཕྱ་སྨོད་བྱེད་རྒྱུ་རེད་བསམས་ཏེ།  ཨ་བ།  ཨ་བ།  ཞེས་ཁ་གདེངས་པ་དང་མཉམ་དུ་ཁའི་ནང་གི་ཤ་ལོག་མར་ཟག་སོང་བ་རེད།   ཝ་མོས་ཤ་ལོག་ཁུར་ཏེ་དགོད་མ་འཛུམ་གྱི་ངང་ནས་ཁུང་བུར་འཛུལ་ནས་ཝ་ཕྲུག་ཚོར་ཤ་ཟ་རུ་བཅུགས་སོ།།  

ལྕགས་མོ་འཚོས་ལེགས་བཅོས་བྱས་པ་དང་མཁས་གྲུབ་གྱིས་རི་མོ་བྲིས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག