སེང་གེ་དང་རི་བོང་།

སེང་གེ་དང་རི་བོང་།

༄༅།། སྔོན་མ་ལུང་པ་ཞིག་ན་སེང་གེ་ཞིག་དང་རི་བོང་ཞིག་མཉམ་དུ་གཞིས་ཆགས་ཡོད་པ་དང་། སེང་གེ་དེས་རི་བོང་ལ་དུས་རྒྱུན་དུ་ཐུབ་ཚོད་བྱས་ཏེ་སུན་པོ་བཟོ་བཞིན་ཡོད་པ་རེད། རི་བོང་གི་སེམས་ལ། ཁྱིམ་མཚེས་ངན་ཡང་འདུག་དགོས་བསམ་སྟེ། སེང་གེ་ལ་བསྟུན་ཅི་ཐུབ་བྱེད་ཀྱི་ཡོད། འོན་ཀྱང་སེང་གེ་དེས་དུས་རྒྱུན་དུ་རི་བོང་ལ་མཐོང་ཆུང་ཁོ་ན་བྱས་ནས་སུན་པོ་བཟོས་པ་ལ་བརྟེན། རི་བོང་འུ་ཐུག་པ་དང་ཁོང་ཁྲོ་ལངས་བཞིན་བསྡད།

 

 

ཉིན་ཞིག་རི་བོང་ལུང་པའི་ཕུ་རུ་ཁྲོན་པ་ཤིན་ཏུ་གཏིང་ཟབ་མོ་ཞིག་ཡོད་པ་དེའི་ཁ་རུ་ངལ་གསོ་བྱེད་ཞོར་དུ་སེང་གེ་ངན་པ་དེ་འདུལ་ཐབས་ལ་བསམ་བློ་འཁོར་ནས་བསྡད་ཡོད་དུས། རང་གི་གཟུགས་བརྙན་ཁྲོན་པའི་ནང་གི་ཆུའི་ནང་དུ་ཤར་ཡོད་པ་མཐོང་བ་དང་། གློ་བུར་དུ་སེམས་ལ་ཐབས་ཤེས་

ཤིག་དྲན་ནས་སེང་གེ་དེ་བཙལ་དུ་ཕྱིན།

རི་བོང་དེ་ང་རྒྱལ་ཆེ་བའི་སེང་གེ་དེའི་གམ་དུ་བསླེབས་སྐབས། སེམས་ཧ་ཅང་སྐྱོ་མདོག་གིས། རྒྱལ་བོ་ཆེན་པོ་ལགས། དེ་རིང་ཁྱེད་དང་འདྲ་བའི་སེམས་ཅན་ཞིག་གིས་རྒྱལ་པོ་ཁྱེད་ལ་སྟོབས་ཤུགས་འགྲན་འདོད་ཡོད་ཟེར། གལ་ཏེ་ཁྱེད་ཀྱིས་འགྲན་མ་ནུས་ན་ཁོང་གི་བྲན་དུ་བཀོལ་རྒྱུ་ཡིན་ཞེས་འུད་ཤོབ་སྒྲོག་གིན་འདུག་ཅེས་བཤད། སེང་གེ་དེ་ཧ་ཅང་ང་རྒྱལ་སྐྱེས་ཏེ། ཁོ་གང་ན་འདུག་གམ། ད་ལྟ་མྱུར་དུ་ང་རང་ཁོའི་གམ་ལ་ཁྲིད་དང་ངས་ཁོ་ཕམ་པར་རྒྱག་རྒྱུ་ཡིན་ཞེས་བཤད།

རི་བོང་གིས་སེང་གེ་དེ་ཁྲོན་པ་ཤིན་ཏུ་གཏིང་ཟབ་མོ་དེ་བསྟན་ནས། འདིའི་ནང་ན་འདུག་ཅེས་བཤད། སེང་གེས་ཁྲོན་པའི་ནང་དུ་མར་བལྟས་པ་ན། རང་གི་གཟུགས་བརྙན་ཆུ་ནང་དུ་གསལ་བ་མཐོང་བ་དང་། དེ་ནི་རང་ལ་འགྲན་སློང་མཁན་གྱི་དགྲ་བོ་དེ་རེད་བསམས་ཏེ། མཆེ་བ་གཙིགས་པ་ན། ཁྲོན་པའི་ནང་གི་གཟུགས་བརྙན་དེས་ཀྱང་མཆེ་བ་གཙིགས་པས། ང་རྒྱལ་ཤིན་ཏུ་ཆེ་བའི་སེང་གེ་དེ་ཁོང་ཁྲོ་རབ་ཏུ་ཁྲོས་ཏེ་མར་ཁྲོན་པའི་ནང་མཆོངས་ནས་ཤི་བ་རེད། དེ་ནས་བཟུང་རི་བོང་ལ་ཐུབ་ཚོད་བྱེད་མཁན་མེད་པར་སྐྱིད་པོ་བྱས་ནས་འཚོ་བ་རོལ་ཏེ་བསྡད།
 

ལྕགས་མོ་འཚོས་ལེགས་བཅོས་བྱས་པ་དང་མཁས་གྲུབ་གྱིས་རི་མོ་བྲིས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག