སྤྲུལ་རྫུན་གྱི་མན་ངག།

སྤྲུལ་རྫུན་གྱི་མན་ངག།
གནའ་སྔ་མོ་ཞིག་ལ་ཁྱིམ་ཚང་ཞིག་ཡོད་པ་རེད། ཁྱིམ་དེ་ན་བཟའ་མི་གཉིས་ཡོད་པ་དང་། བཟའ་མི་དེ་གཉིས་ཀྱི་སྒོ་ཟོག་ཕལ་ཆེར་རྐུན་མས་དེད་སོང་བའི་ཉིན་ཞིག་ལ། ལྟོ་གོས་ཀྱི་ཆེད་དུ་ལུས་ལ་གྲྭ་ཆས་གྱོན་པའི་མི་ཞིག་ཡོད་པ་ཁོ་ལ་ལུང་ཉུལ་ནས། ཁྱིམ་ཚང་དེའི་སྤྲ་འདབས་སུ་འབྱོར། 

 

བཟའ་མི་གཉིས་ཀྱི་སེམས་སུ་ལུས་ལ་གྲྭ་ཆས་གྱོན་པའི་མི་དེ་སྤྲུལ་སྐུ་ཞིག་ཡིན་ཤག་བྱས་ཏེ། ཁྱིམ་དུ་གདན་དྲངས་པ་དང་ཤ་མར་ཐུད་གསུམ་གྱི་གསོལ་སྟོན་བཤམས་པ་དང་ལག་ཟུང་ཐལ་མོ་སྦྱར་ནས། ཨ་ལགས་རིན་པོ་ཆེ་ལགས། མདང་ནུབ་ངེད་ཚང་གི་སྒོ་ཕྱུགས་ཕལ་ཆེར་རྐུན་མས་ཁྱེར་ནས་ཤུལ་དུ་འབྲི་གཡག་འགའ་ལས་ལྷག་མི་འདུག ཤུལ་དུ་ལྷག་པའི་འབྲི་གཡག་དེ་ཚོ་གལ་ཏེ་རྐུན་མས་བརྐུས་སོང་བ་ཡིན་ན། ངེད་བཟའ་མི་གཉིས་ལ་འཚོ་ཐབས་མེད་སོང་བ་ཡིན་པས།  ཨ་ལགས་རིན་པོ་ཆེ་ནས། འབྲི་གཡག་འདི་ཚོ་རྐུན་མས་བརྐུ་མི་ཐུབ་པའི་མན་ངག་ཅིག་ཅིས་ཀྱང་གནང་རོགས་མཁྱེན་ཞེས་ཞུས།
 

དེ་ནས་མི་དེ་ཅི་བྱ་གཏོལ་མེད་དུ་གྱུར་ནས་སྤྲ་ནང་དུ་གཅིག་པུར་བསྡད་ཡོད་པའི་སྐབས་སུ། དོ་གསང་ནས་ཙི་གུ་ཞིག་ཐོན་བྱུང་བ་དང་། ཁོས་ཐོན་ཐལ་ཞེས་བརྗོད། དེ་ནས་ཙི་གུས་ལྟ་ཉན་བྱས་ནས་ཅུང་བསྡད་པ་ན། ཁོས་བསྡད་འདུག་ཅེས་བརྗོད། དེ་ནས་ཙི་གུ་བྲོས་སོང་བ་དང་། ཁོས་བྲོས་ཐལ་ཞེས་བརྗོད་པ་དང་། བཟའ་མི་གཉིས་ལ་འདི་ནི་རྐུན་མ་འགོག་པའི་མན་ངག་ཡིན།   མན་ངག་འདི་ནུབ་རྟག་པར་ཚར་བརྒྱ་རེ་ཐོན་དང་། འབྲི་གཡག་འདི་རྣམས་རྐུན་མས་བརྐུ་མི་ཐུབ་ཁོ་ཐག་ཡིན་ཟེར།

དེ་ནས་སྨག་ཤིན་ཏུ་ནག་པའི་མཚན་མོ་ཞིག་ལ། རྐུན་མ་དེ་ཤུལ་དུ་ལྷག་པའི་ཁྱིམ་ཚང་དེའི་འབྲི་གཡག་རྣམས་རྐུ་རུ་ཡོང་བ་དང། ཁོ་ག་ལེར་ཕྱུགས་རྭའི་ནང་ནང་དུ་འཛུལ་ནས་ཡོང་སྐབས། བཟའ་མི་གཉིས་ཀྱིས་ནུབ་ཚ་འཐུང་ཚར་ནས་ཐོན་ཐལ་ཞེས་འདོན་པ་དང་སྐབས་འཁེལ། དེ་ནས་རྐུན་མ་མར་ཙོག་པུར་བསྡད། བཟའ་མི་གཉིས་ཀྱིས་བསྡད་འདུག་ཅེས་བཏོན་པས། རྐུན་མའི་སེམས་ལ་ད་མ་འགྲིག་ཐལ་འདོད་ནས་ཕྱིར་ནུར་བས། བྲོས་ཐལ་ཞེས་བརྗོད་པར། རྐུན་མས་ཁོང་གཉིས་ཀྱིས་ཤེས་སོང་བ་ཁོ་ཐག་རེད་སྙམ་ནས་མཆོང་མ་ལྡིང་གིས་བྲོས་སོང་ངོ་།།
  • ཚུལ་ཁྲིམས་ཀྱིས་ལེགས་བཅོས་བྱས་པ་དང་མཁས་གྲུབ་གྱིས་རི་མོ་བྲིས།
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Topic: སྤྲུལ་རྫུན་གྱི་མན་ངག།

No comments found.

New comment