ཨ་བུ་སྟག་སྟག་དང་ཝ་མོ།

ཨ་བུ་སྟག་སྟག་དང་ཝ་མོ།

ནགས་འདབས་ཤིག་ཏུ་ཝ་མོ་ཞིག་སྐྱིད་ཉལ་བྱས་ནས་བསྡད་ཡོད་སྐབས། རྒྱབ་ལོག་གི་ནགས་ཚལ་ནང་ནས་གློ་བུར་དུ་སྟག་རྒན་ཅིག་མཆོང་འོང་སྟེ་ཝ་མོའི་རྔ་མ་ནས་འཇུས་ནས། བཤད་རྒྱུུར། ངས་ཁ་ཟས་མ་རེག་པར་ཉིན་གསུམ་ཡིན། ཝ་ངན་མ་ཁྱོད་ད་ངས་ཟ་རྒྱུ་ཡིན་ཞེས་ལབ།

 

ཝ་མོ་འཇིགས་ཤིང་སྐྲག་སྟེ། ཨ་བུ་སྟག་སྟག ངའི་ལུས་ཡོངས་རྫོགས་དུག་ཡིན་པས། ང་ཁྱོད་ཀྱིས་རྩ་བ་ནས་བཟའ་མི་ཉན་ཞེས་སྐད་ཅོར་བརྒྱབ། སྟག་རྒན་ན་རེ། ཝ་ངན་མ་ཁྱོད་ཀྱིས་གཞན་ལ་མགོ་སྐོར་གཏོང་ཐུབ་ནའང་། ང་ཁྱོད་ཀྱིས་མགོ་སྐོར་འོག་ཏུ་མི་ཚུད་ཁོ་ཐག་ཡིན་ཞེས་མཆེ་བ་གཙིགས། ཝ་མོ་ན་རེ། ཨ་བུ་སྟག་སྟག ང་ཁྱེད་ཀྱི་ཁ་ཟས་ཉན་སོང་ན་འགྱོད་པ་མེད་མོད། འོན་ཀྱང་ཁྱོད་ཤི་སོང་ན་གཅན་གཟན་གྱི་རྒྱལ་བོ་སུ་ཡིས་བྱེད་ཅེས་སེམས་ཧ་ཅང་སྐྱོ་མདོག་གིས་བཤད་པ་དང་། གལ་ཏེ་ཨ་བུ་སྟག་སྟག་གིས་ང་ལ་ཡིད་མི་ཆེས་ན་ངེད་གཉིས་སེམས་ཅན་གཞན་ལ་དོན་འདི་བདེན་པ་ཡིན་མིན་འདྲི་རུ་འགྲོ་ཞེས་གྲོས་བཏོན།

དེ་ནས་ཁོང་གཉིས་མཉམ་དུ་སེམས་ཅན་གཞན་གྱི་སར་སོང་བ་ན། སེམས་ཅན་གཞན་ཚང་མ་སྟག་རྒན་ལ་སྐྲག་ནས་བྲོས་སོང་བ་རེད། འོན་ཀྱང་སྟག་རྒན་གྱི་བསམ་པར། ལྦ་མོའི་ལུས་ལ་དུག་ཡོད་པས་སེམས་ཅན་དེ་དག་ཝ་མོ་ལ་འབྲོ་བཞིན་འདུག་སྙམ་ནས་ཧང་སངས་བ་རེད།

 

 

དེ་ནས་ལྦ་མོས་སྤོབས་ཉམས་དང་བཅས་སྟག་རྒན་ལ་བཤད་རྒྱུར། ཡ་ཨ་བུ་སྟག་སྟག ད་ག་འདྲ་འདུག ད་དུང་ཁྱོད་ཀྱིས་ང་བཟའ་རྒྱུ་ཡིན་ནམ་ཞེས་འཇིགས་བསླང་བ་དང་། དངོས་གནས་ཁྱོད་ལ་གཅན་གཟན་གྱི་རྒྱལ་བོ་བྱས་ཏེ་འདུག་འདོད་མེད་ན། ང་ཟོ་དང་ང་ལ་འགྱོད་པ་མེད་ཅེས་ལབ། སྟག་རྒན་ན་རེ། མིན། མིན། ངས་རང་ཤི་རྒྱག་གི་མིན་ཞེས་མཆོང་མ་ལྡིང་གིས་བྲོས་སོང་ངོ་།
 

ལྕགས་མོ་འཚོས་ལེགས་བཅོས་བྱས། མཁས་གྲུབ་གྱིས་བསྡུ་སྒྲིག་དང་རི་མོ་བྲིས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: ཨ་བུ་སྟག་སྟག་དང་ཝ་མོ།

lobsang

Lobsang tenpa | 13/01/2015

བཀྲ་ཤིས་བདེ་ལེགས

New comment