ཨ་རིའི་བོད་ཀྱི་ན་གཞོན་ཨ་མ་ཞིག་གི་སྙིང་གཏམ།

ཨ་རིའི་བོད་ཀྱི་ན་གཞོན་ཨ་མ་ཞིག་གི་སྙིང་གཏམ།

-གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་།
 
ངའི་མིང་ལ་རང་རིགས་སྐྱིད་ཟེར། ཕ་ཡུལ་ཨ་མདོ་རྔ་བ་ནས་ཡིན། མི་ལོ་ཉི་ཤུའི་རིང་ལ་བོད་ནང་ཞིང་འབྲོག་གི་འཚོ་བ་བསྐྱལ་བ་ཡིན། རྗེས་སུ་རྒྱ་གར་དུ་ཕྱིན་ཏེ་བོད་ཁྱིམ་སློབ་གྲྭར་སོང་ནས་སློབ་མཐར་ཕྱིན་རྗེས་མུ་མཐུད་དུ་ལོ་གཅིག་གི་རིང་ལ་གློག་ཀླད་སྦྱངས། ཕྱི་ལོ་2006་ལོར་ཨ་རིར་གནས་སྤར་ཏེ་མཐོ་སློབ་ཏུ་སློབ་སྦྱོང་བྱས་པ་དང་། ད་ལྟ་རང་གི་ཆེད་ལས་དང་འབྲེལ་བའི་ལས་ཀ་བྱེད་བཞིན་ཡོད། ངའི་ཁྱོ་ག་ཡང་ཨ་མདོ་རྔ་བ་ནས་ཡིན། ངེད་གཉིས་ལ་ལོ་བརྒྱད་སོན་པའི་བུ་མོ་ཞིག་དང་ལོ་གཉིས་སོན་པའི་བུ་མོ་ཞིག་བཅས་བྱིས་པ་གཉིས་ཡོད། ངས་དེ་རིང་ཚོགས་པ་འདིའི་ནང་གི་ན་གཞོན་ཕ་མ་རྣམས་ཀྱི་ཆེད་དུ། ཕན་སེམས་ཀྱི་ལྷག་བསམ་གཙང་མ་ཞིག་དང་ལྷན་དུ་ང་རང་གིས་བྱིས་པ་སྐྱོང་ལུགས་དང་འབྲེལ་བའི་ཉམས་མྱོང་མདོར་བསྡུས་ཤིག་བཤད་རྒྱུ་ཡིན།

ང་ལ་ཨ་ཁུ་ཞིག་ཡོད། ཁོང་དགེ་བཤེས་ལྷ་རམས་པ་རེད། ཁོང་གིས་ནམ་རྒྱུན་ང་ལ་སློབ་གསོ་གནང་བའི་གོ་རིམ་ཁྲོད་བྱིས་པ་ཨ་མའི་མངལ་དུ་ཡོད་དུས་སུ། བྱིས་པའི་ལུས་སེམས་ཀྱི་བདེ་ཐང་དེ་ཨ་མའི་སེམས་ཁམས་ཀྱི་དགའ་སྐྱོ་ལ་འབྲེལ་བསྡད་ཡོད་པ་རེད་ཅེས་གསུང་གི་ཡོད། དེར་བརྟེན་ངའི་ལུས་ལ་བྱིས་པ་འཁོར་བ་ནས་བཟུང་། བྱིས་པའི་ལུས་སེམས་ཀྱི་བདེ་ཐང་གི་ཆེད་དུ། ངས་བསམ་བློ་བཟང་ཕྱོགས་སུ་གཏོང་ཅི་ཐུབ་བྱས་པ་ཡིན་ལ། སེམས་ལ་སྤྲོ་སྣང་སྟེར་བའི་དཔེ་ཆ་མང་བོ་བཀླགས་པ་ཡིན། གླུ་གཞས་དང་རོལ་དབྱངས་ལ་ཉན་པ་ཡིན། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་ལྟ་སྐོར་དང་མེ་ཏོག་གི་སྐྱེ་ཚལ་དུ་སྤྲོ་གསེང་ལ་ཕྱིན་པ་ཡིན། དགོད་སྤྲོ་བའི་གློག་བརྙན་ལ་ལྟ་བ་སོགས་ཀྱི་ལས་ལ་ཞུགས་ཏེ་ངའི་མངལ་གྱི་བྱིས་པའི་བདེ་ཐང་ལ་དོ་ཁུར་དང་འགན་ཁུར་བ་ཡིན།

ཕྱི་ལུགས་སྨན་པ་རྣམས་ཀྱིས་ཀྱང་མངལ་གྱི་བྱིས་པའི་བདེ་ཐང་གི་ཆེད་དུ་ལུས་སེམས་ལ་ཕན་པའི་ཟས་རིགས་ལ་བརྟེན་དགོས་པ་གལ་ཆེ་བ་དང་། ཨ་མའི་ལུས་སེམས་ཀྱི་འཕྲོད་བསྟེན་ལ་བདག་གཅེས་བྱེད་དགོས་པའི་ལམ་སྟོན་དེ་ངའི་ཨ་ཁུས་བསླབ་བྱ་དང་གཅིག་མཚུངས་གནང་གི་འདུག དེར་བརྟེན་ངས་འཕྲོད་བསྟེན་ལ་གནོད་པའི་བཟའ་བཏུང་གི་ཕྱོགས་ལ་འཛེམ་གང་ཐུབ་བྱས་པ་ཡིན། བུ་མོ་གཉིས་ངའི་མངལ་དུ་ཡོད་སྐབས་ངས་སྒྲོལ་མ་བསྡུས་བ་དེ་ཚར་འབུམ་གཅིག་རེ་བཏོན་པ་ཡིན། དེ་དང་ལྷན་དུ་བུ་མོ་འདི་གཉིས་མ་འོངས་པར་བོད་མི་རིགས་ལ་ཕན་པ་སྒྲུབ་ཐུབ་པའི་གང་ཟག་རེར་འགྱུར་བའི་སྨོན་ལམ་ཡང་ཡང་བཏབ་པ་ཡིན།

རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས། ངའི་བུ་ཕྲུག་གི་སེམས་རྒྱུད་ལ་བོད་པའི་འདུ་ཤེས་གཙང་མ་ཞིག་འཇོག་དགོས་བ་དེ་ང་ལ་འཁྲི་བའི་འོས་འགན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེའི་ཕྱིར་བུ་མོ་བཙས་པ་ནས་བཟུང་མོའི་ཁོར་ཡུག་ནས་རྒྱུན་དུ་བོད་སྐད་བཤད་པར་འབད་བརྩོན་བྱས་པ་ཡིན། ཞོགས་པར་སློབ་གྲྭར་འགྲོ་བའི་ལམ་བར་དུ་ཁ་འདོན་བློ་ལ་འཛིན་རྒྱུ་དང་། བློར་ཡོད་པ་རྣམས་སྐད་གསེང་མཐོན་པོའི་ངང་འདོན་གི་ཡོད། འགྲོ་ཞོར་འདུག་ཞོར་དུ་བོད་གླུ་ལེན་པ་དང་གླུ་ཚིག་རེ་རེའི་བར་གསེང་ནས་ཐ་སྙད་གསར་བ་མང་བོ་ངོ་སྤྲོད་བྱེད་ཅི་ཐུབ་བྱས་པ་ཡིན། ཇ་འཐུང་སྐབས་ཡང་ཇ་མཆོད་འདོན་པའི་གོམ་གཤིས་བསླབ་པ་ཡིན། མཚམས་མཚམས་སུ་ཨ་མདོ་བརྙན་འཕྲིན་ཁང་གི་མེ་ཏོག་གངས་ལྷ་ལེ་ཚན་ལ་མཉམ་དུ་བལྟས་པ་ཡིན། ངའི་བུ་མོ་ཆེ་བ་ལོ་གཅིག་དང་ཟླ་བ་ཁ་ཤས་ལོན་དུས།ངས་མོ་རྒྱབ་ལ་ཁུར་ནས་བོད་ནང་དུ་ཕྱིན་པ་ཡིན། བོད་ནང་ནས་དགོན་པ་མང་བོ་དང་གནས་ཁྱད་པར་ཅན་མང་བོར་མཇལ་སྐོར་དུ་ཕྱིན་པ་ཡིན། སྐབས་དེར་བུ་མོ་ཆུང་ནའང་སྐུ་གསུང་ཐུགས་རྟེན་གྱི་མདུན་ནས་ཕྱག་འཚལ་བ་དང་། མ་ཎི་འདོན་པ། ཐོད་པ་གཏུགས་པ། ཐལ་མོ་སྦྱར་བ་ལ་སོགས་པའི་གོམས་གཤིས་བཟང་བོ་མང་བོ་རྒྱུད་ལ་འཇགས་པ་རྣམས་མོའི་སེམས་ཀྱི་བོད་ཡིན་པའི་འདུ་ཤེས་དེ་སྔར་ལས་བརྟན་པོར་བཟོས་ཡོད་བསམ་པའི་སྤོབས་པ་ཡོད།

འདུ་ཤེས་དང་བག་ཆགས་འཇོག་པའི་གོ་རིམ་ཁྲོད་དུ། ཆས་གོས་དང་ཟ་མ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་དུས། ངས་བུ་མོ་ལ་ཆུང་དུས་ནས་ཁ་ཟས་རྩམ་པ་སྤྲད་པ་ཡིན། མོ་ཆེས་དགའ་བའི་ཟ་མ་རྩམ་པ་ཡིན། ང་རང་ཉིད་ཀྱང་རྩམ་པ་ཟ་བར་ཧ་ཅང་དགའ་བོ་ཡོད། ང་ལ་མངལ་ཆགས་སྐབས་ཆེས་ཟ་འདོད་པ་ནི་རྩམ་པ་ཁོ་ན་ཡིན་པས་ས་ཆ་གང་ས་ནས་རྩམ་པ་ཉོས་པ་ཡིན། སྐབས་ལ་ལར་དུས་ཐོག་ཏུ་འབྱོར་དང་མི་འབྱོར་བས་དབང་གིས་དུས་དེ་ནས་བཟུང་རང་ཉིད་ཀྱིས་ནས་ཉོས་ཏེ་རང་གིས་རྩམ་པ་འཐག་པ་ཡིན། ད་ལྟ་ང་ཚོ་རང་གིས་རྩམ་པ་འཐག་གི་ཡོད་ལ། འོ་མ་ཉོས་ཏེ་ཆུར་བ་དང་ཞོ་འཇོག་གི་ཡོད། ངས་ནམ་རྒྱུན་བུ་མོ་ལ་རྩམ་པ་དང་མར་ཆུར་ནི་བོད་པའི་ཟ་མ་རེད་ཅེས་ངོ་སྤྲོད་བྱེད་ཀྱི་ཡོད།ངེད་གཉིས་བོད་ནང་དུ་ཕྱིན་དུས། བུ་མོར་བོད་གཤིས་ཡོད་པ་དང་བོད་ཟས་ལ་དགའ་བོར་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ནང་མི་སྤུན་མཆེད་རྣམས་དགའ་བོ་བྱུང་བ་མ་ཟད་འདོད་པ་ཚིམས་འདུག

ཤེས་བྱ་ཡོན་ཏན་གྱི་འབྱུང་ཁུངས་གཙོ་བོ་ཞིག་ནི་དཔེ་ཀློག་ཡིན་པ་སློབ་གསོ་བ་ཚོས་རྒྱུན་དུ་གསུང་གི་ཡོད་པ་རེད། ཡིན་ཡང་སྔོན་ཆད་ང་རང་ཉིད་ལ་དཔེ་ཆ་ཀློག་པའི་གོམས་གཤིས་ཡག་པོ་མེད་། འོན་ཀྱང་། བུ་མོ་གཉིས་ཀྱི་རྒྱུད་ལ་དཔེ་ཆ་ཀློག་པའི་གོམས་གཤིས་ཡག་པོ་འཇགས་ཕྱིར། བྱིས་པའི་མཐོང་ཡུལ་ནས་དཔེ་ཆ་ཀློག་ཅི་ཐུབ་བྱས་པ་ཡིན། ད་ལྟ་ང་རང་ཡང་དཔེ་ཀློག་ལ་དུང་བ་ཡོད་མཁན་ཞིག་ཏུ་གྱུར་སོང་། བུ་མོའི་ཉལ་ཁང་གི་དཔེ་སྒྲོམ་ནང་དུ་བོད་ཡིག་གི་དཔེ་དེབ་མང་བོ་བསྒྲིགས་ཡོད། དེ་ནས་ནུབ་མོར་རྟག་པར་བྱིས་སྒྲུང་རེ་ཀློག་གི་ཡོད། དང་པོ་ངས་ཁ་སྐད་ཀྱི་ལམ་ནས་གནའ་གཏམ་བཤད་པ་ཡིན། མཚམས་ལན་རེར་ཕྱི་རྒྱལ་གྱི་བྱིས་སྒྲུང་རྣམས་བོད་སྐད་ལ་བསྒྱུར་ཏེ་ཀློག་གི་ཡོད། དེ་ནས་བོད་ཡིག་གི་བྱིས་པའི་དཔེ་དེབ་མང་བོ་ཉོས་ཏེ་ཁོང་གཉིས་ལ་ངོ་སྤྲོད་བྱེད་ཀྱི་ཡོད། བྱིས་པ་ལོ་གཉིས་གསུམ་གྱི་སྐབས་སུ་བྱིས་སྒྲུང་དུས་ཡུན་རིང་བོར་ཀློག་པ་ཡིན་ན་ཉོབ་འགྲོ་ཡི་འདུག་པས་དུས་ཡུན་ཐུང་ཐུང་གི་ནང་དུ་སྐད་གསེང་མཐོན་པོ་བྱས་ཏེ་ཀློག་གི་ཡོད།

བུ་མོའི་སེམས་ཁམས་ཀྱི་བོད་པའི་འདུ་ཤེས་དེ་བརྟན་པོ་ཆགས་ཕྱིར། བུ་མོ་ལོ་གསུམ་མ་ལོན་བར་དུ་བྱིས་གཉོར་ཁང་དུ་མ་བསྐྱལ་བར། རང་ཁྱིམ་དུ་བོད་སྐད་དང་བོད་ཡིག་གི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཏེ་ངའི་ཁྱོ་ག་དང་ངེད་གཉིས་ཀྱིས་རེས་མོས་བྱས་ཏེ་རང་ཁྱིམ་ནས་གཉོར་སྐྱོང་བྱས་པ་ཡིན།ངའི་བུ་མོ་ཐོག་དང་པོར་བྱིས་གཉོར་ཁང་དུ་སྐྱེལ་དུས། ངའི་བུ་མོས་བོད་སྐད་ལས་དབྱིན་སྐད་མི་ཤེས་པས། དེར་བརྟེན་དགེ་རྒན་ཚོས་ངའི་བུ་མོར་གོ་བརྡ་འཕྲོད་ཐུབ་གྱི་མི་འདུག་ཅེས་ལབ་སོང་། ཡིན་ནའང་དུས་ཡུན་ཧ་ཅང་ཐུང་ཐུང་ཞིག་གི་ནང་དུ་མོས་དབྱིན་སྐད་བཤད་ཤེས་སོང་། སྐབས་དེར་ང་རང་ཉིད་ཀྱང་སློབ་གྲྭར་འགྲོ་བཞིན་ཡོད་པས་བུ་མོ་དང་མཉམ་དུ་སྔོན་མ་ལྟར་དུས་ཚོད་མང་པོ་སྐྱེལ་ཁོམ་མ་བྱུང་བར་འཐུས་ཤོར་ཅུང་ཙམ་ཕྱིན་སོང་། བུ་མོ་ལོ་ལྔ་ལ་སླེབས་དུས་མོའི་དབྱིན་སྐད་བོད་སྐད་ལས་ཡག་ཏུ་ཕྱིན་སོང་། སྐབས་དེར་ང་རང་ཉིད་ཀྱང་སློབ་མཐར་ཕྱིན་ཏེ་ལས་ཞུགས་བྱས་ཡོད། དེ་ནས་ངས་བུ་མོའི་ཉིན་རེའི་བྱེད་སྒོའི་སྐོར་ལ་རེའུ་མིག་ཅིག་བཟོས་ནས་ཉིན་ལྟར་བུ་མོར་བོད་ཡིག་ཀློག་པ་དང་བོད་སྐད་བཤད་པ། གླུ་གཞས་ལེན་པ། སྒྲུང་གཏམ་བཤད་པ་སོགས་ཁྱོན་ཡོངས་ནས་འབད་བརྩོན་བྱས་པ་ཡིན། ངའི་ཁྱོ་གའི་བོད་ཡིག་གི་ཆུ་ཚད་ང་ལས་ཡག་པོ་ཡོད་པས། ཡི་གེ་འབྲི་ཀློག་སློབ་པའི་འགན་ཁོས་ཁུར་ཡོད། ངས་སྒྲུང་ཀློག་པ་དང་རྩེད་མོ་རྩེད་བ། གླུ་གཞས་སློབ་པའི་ཁུར་བླངས་བསྡད་ཡོད་ལ་གྲུབ་འབྲས་ཀྱང་ཡག་པོ་ཐོན་བཞིན་ཡོད། མ་ཟད་མོའི་སློབ་གྲྭའི་ནང་སྦྱོང་ཕྱོགས་ལའང་འགན་ལེན་གི་ཡོད།

ངས་བུ་མོར་བོད་གླུ་མང་པོ་བསླབས་པ་ཡིན། གླུ་གཞས་ནི་མོ་རང་གི་དགའ་ཕྱོགས་ཀྱང་རེད། ཡང་གཅིག་བཤད་ན་གླུ་གཞས་བསླབ་པའི་གོ་རིམ་ཁྲོད་ནས་བུ་མོ་ལ་བོད་པའི་རིག་གཞུང་ངོ་སྤྲོད་དང་སྐད་ཆའི་སྨྲ་ལྕེ་དག་པ། སེམས་ལ་གདེང་ཚོད་སླེབས་པ་སོགས་ཕྱོགས་མང་བོ་ཞིག་ནས་ཕན་ཐོགས་བྱུང་།ཕ་མས་བུ་ཕྲུག་ལ་བསླབ་བྱ་དང་སློབ་སྟོན་གནང་སྐབས་བུ་ཕྲུག་གི་སེམས་ཁམས་ལ་རྒྱུས་ལོན་བྱས་ཏེ་ཁོང་ཚོའི་དགའ་ཕྱོགས་ལྟར་མཛུབ་སྟོན་གནང་ཐུབ་པ་བྱུང་ན། ཁོང་ཚོས་ཀྱང་ཉོབ་སྣང་དང་དཀའ་སྣང་མི་བྱེད་པར། སྤྲོ་སྣང་ལྡན་པའི་སྒོ་ནས་བློ་རྩེ་བསྒྲིམས་གྱིན་འདུག

ཞིང་ས་བཟང་བོ་ཞིག་ཏུ་ལོ་ཏོག་བཏབ་པ་ཡིན་ན་འབྲས་བུ་ཡག་པོ་སྨིན་པའི་དཔེ་ལྟར། བྱིས་པའི་སེམས་ཁམས་ནི་དཀར་གཙང་གི་རས་གཞི་འདྲ་བ་ཞིག་ཡིན་དུས། བྱིས་པའི་ཁོར་ཡུག་ནས་ཕ་མས་རང་གི་སྤྱོད་ལམ་ལ་གཟབ་རྒྱུ་གལ་ཆེ་བར་འདོད་དེ། ང་རང་ཉིད་ཡ་རབས་ཀྱི་ལས་ལ་འཇུག་གང་ཐུབ་བྱས་པ་ཡིན། བྱིས་པ་གཉིས་ལ་བཟང་སྤྱོད་ཀྱི་སློབ་གསོ་སྤྲོད་པར་ཤུགས་འདོན་བཞིན་ཡོད། དཔེར་ན་རྒན་བཀུར་གཞོན་བྱམས་བྱས་ན་རང་དོན་ཡིན་པའི་གནས་ལུགས། བཟང་བྱས་ན་བཀའ་དྲིན་ཤེས་བའི་གཤིས་ཀ། ངན་བྱས་ནའང་བཟོད་སྲན་དང་བསམ་ཤེས་བྱེད་ཐུབ་མཁན། གཞན་དོན་སྒྲུབ་ན་རང་སེམས་སྐྱིད་པའི་རྒྱུ་འབྲས། གལ་སྲིད་ཁྱོད་ཀྱི་བསྒྲུབ་ཐུབ་པའི་བྱ་བ་ཞིག་ཡིན་ཚེ་གཞན་ལ་རོགས་རམ་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་སོགས་ཡ་རབས་ཀྱི་ལས་ལ་འཇུག་གང་ཐུབ་བྱས་བ་ཡིན།

སྔོན་ཆད་བུ་མོ་ཆེ་བ་ལོ་གསུམ་ཡིན་སྐབས་ཤིག་ལ་ངེད་གཉིས་རྩེད་ཐང་དུ་ཕྱིན་སྐབས། ལམ་བར་དུ་མོས་འབུ་གྲོག་མ་ཞིག་ལ་རྡོག་གཞུས་བྱེད་གྲབས་དུས་སུ། ངས་བུ་མོར། འབུ་གྲོག་མ་གསོད་མི་ཉན་པའི་རྒྱུ་མཚན་དང་།འབུ་གྲོག་མ་ལའང་ཕ་མ་དང་ནང་མི་ཡོད་པས། གལ་སྲིད་ཁྱེད་ཀྱིས་འབུ་གྲོག་མ་བསད་པ་ཡིན་ན། ཁོ་ཚོས་ག་རེ་བྱེད་དགོས་རེད་ཅེས་དང་། ཡང་ན་ཨ་མ་ང་གཞན་ཞིག་གིས་བསད་པ་ཡིན་ན། ཁྱེད་རང་ལ་ཚོར་བ་ཅི་ཞིག་སླེབས་ཀྱི་རེད་སོགས་རང་ཉིད་གྱི་ལུས་ལ་དཔེ་ལེན་དགོས་པའི་གནས་ལུགས་བཙལ་དུ་བཅུག་པ་ཡིན། སྲོག་ཆགས་ཆུང་ཆུང་ཞིག་ཡིན་ན་ཡང་ང་ཚོ་ནང་བཞིན་བདེ་བ་འདོན་མཁན་ཞིག་ཡིན་པའི་གནས་ལུགས་མང་བོ་བཤད་པ་ཡིན་མ་གཏོགས།སྲོག་བཅད་ན་སྡུག་པ་ཡོད་པ་རེད་ཅེས་བཤད་པ་ཙམ་གྱིས་་སྐབས་དེར་བྱིས་པའི་གོ་དཀའ་བས་དཔེ་བཞག་ནས་བཤད་ན་བཟང་སྙམ།

ངས་ནམ་རྒྱུན་བུ་མོར་བཤད་རྒྱུར་ཨ་མ་ངའི་རེ་བ་ཆེ་ཤོས་ནི་བུ་མོ་ཁྱེད་གཉིས་མ་འོངས་བར་མི་བཟང་བོ་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་ཞེས་ལབ་གྱི་ཡོད། བུ་མོས་མི་བཟང་བོ་ལབ་ན་ག་འདྲ་ཞིག་ལ་ཟེར་བ་རེད་ཅེས་སྐད་ཆ་འདྲི་གི་འདུག ངས་མོ་ལ་སྲོག་མི་གཅོད་མཁན། རྫུན་མི་བཤད་མཁན། རྐུ་མི་བྱེད་མཁན། གཞན་ལ་གནོད་འཚེ་མི་བྱེད་མཁན་ཞིག་ལ་ཟེར་བ་རེད་ཅེས་བཤད་ཀྱི་ཡོད་ལ། བྱིས་པར་མིག་དཔེ་བཟང་བོ་འཇོག་ཕྱིར་དོན་བཟང་སྒྲུབ་པར་རང་ཉིད་ནས་འབད་བརྩོན་བྱེད་བཞིན་ཡོད། དཔེར་ན། ས་ག་ཟླ་བའི་དགེ་སྐུལ་ཚོགས་པ་ཞེས་བ་ཞིག་བཙུགས་ཏེ་ས་གནས་སུ་སྲང་ལམ་ཉུལ་བསྡད་ཡོད་པའི་སྤྲང་བོ་རྣམས་ལ་དཀར་ཟས་ཀྱི་ཟ་མ་སྤྲོད་ཀྱི་ཡོད། དེ་དང་ལྷན་དུ་བུ་མོར་ས་ག་ཟླ་བ་ངོ་སྤྲོད་དང་།བདག་ཅག་གི་སྟོན་པའི་རྣམ་ཐར་བཤད་ཀྱི་ཡོད། དེ་དང་ལྷན་དུ་གངས་རིའི་མགོན་པོ་སྤྱན་རས་གཟིགས་ཀྱི་བཀའ་དྲིན་དང་ཁོང་གི་ཞབས་བརྟན་སོགས་སྒྲུབ་པ་དང་འགྲེལ་བརྗོད་བྱེད་ཀྱི་ཡོད།

ང་ཚོ་བོད་མི་རིགས་འདི་ཡ་རབས་ཤིག་ཡིན་པ་དང་། སྙིང་རྗེ་ཅན་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་ལྟར། རང་ངོས་ནས་བྱིས་པའི་རྒྱུད་ལ་དེ་དག་འཇགས་ཕྱིར་གང་ཐུབ་ཅི་ཐུབ་བྱེད་ཀྱིན་ཡོད།བོད་པའི་བྱིས་པ་ཞིག་ཡིན་ན་སེམས་ཀྱི་ཟབ་ས་ན་ང་བོད་པ་ཡིན་བསམ་པའི་འདུ་ཤེས་བརྟན་པོ་ཞིག་ཡོད་དགོས་པ་དང་། དེ་ལ་སྤོབས་པ་བྱེད་མཁན་ཞིག་ཡིན་པ་ཧ་ཅང་གལ་ཆེ་བར་འདོད་མཁན་གྱི་ཨ་མ་ཞིག་ཡིན། ཡང་བྱེེད་ཐབས་གཞན་ཞིག་ནི་ཡང་ནས་ཡང་དུ་ཕ་ཡུལ་དུ་ཡོད་པའི་ཕ་མ་དང་གཉེན་ཉེ་རྣམས་ལ་གཟིགས་མཐོང་ཁ་པར་བརྒྱུད་དེ་ཁ་བརྡ་བྱེད་དུ་འཇུག་གི་ཡོད། དེར་བརྟེན་ངའི་བུ་མོ་གཉིས་ཀྱི་སེམས་ནང་རང་ཉིད་བོད་པ་ཞིག་ཡིན་པའི་འདུ་ཤེས་ཏེ་ལྷན་སྐྱེས་སུ་གྲུབ་ཡོད།

ཚང་མས་ཤེས་གསལ་ལྟར་ཨ་རི་ནི་འཛམ་གླིང་ནང་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཆེས་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། རྒྱལ་ཁབ་གང་ས་ནས་འགྲོ་གྲོན་མང་བོ་བཏང་སྟེ་ཨ་རིར་སློབ་སྦྱོང་བྱེད་དུ་ལོ་རེར་སློབ་མ་སྟོང་ཕྲག་ཁྲི་ཕྲག་མང་བོ་ཡོང་གི་ཡོད། དེ་ན་ང་ཚོ་ཨ་རིར་གནས་སྡོད་བྱས་ཡོད་པའི་བོད་པའི་ཕ་མ་ཚོས་གོ་སྐབས་བཟང་བོ་འདི་ངོས་ཟིན་པར་བྱས་ཏེ་རང་གི་བུ་ཕྲུག་ལ་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཞིག་སྤྲོད་རྒྱུ་དང་། སློབ་སྦྱོང་དེ་ཡང་བུ་ཕྲུག་རང་གི་འདོད་མོས་ལྟར་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ལ་རོགས་རམ་གང་ཐུབ་པ་ཞིག་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་བར་འདོད། རང་ངོས་ནས་ཀྱང་རང་གི་བུ་ཕྲུག་གཉིས་མ་འོངས་པར་རིགས་གཅིག་རྐང་འཛིན་གྱི་ཆེད་མཁས་པ་ཞིག་ཏུ་གསོ་སྐྱོང་བྱས་ཏེ་རང་གི་མི་རིགས་ལ་ཞབས་འདེགས་སྒྲུབ་པའི་གང་ཟག་རེར་འགྱུར་བའི་རེ་འདུན་དང་སྨོན་ལམ་འདེབས་ཀྱིན་ཡོད། བཀའ་དྲིན་ཆེ། སང་ཉིན་ནི་འཛམ་གླིང་གི་ཨ་མའི་དུས་ཆེན་ཡིན་པས་ངས་འདི་ནས་རང་གི་དྲིན་ཅན་གྱི་ཨ་མ་གཙོ་བྱས་པའི་འཛམ་གླིང་གི་ཨ་མ་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ།

༢༠༡༧ལོའི་ཕྱི་ཟླ་ ༥ བའི་ཚེས་༡༣ ཉིན་ ཡུལ་གྱར་ཨ་མ་ནས།

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་སྤྱི་ལོ ༢༠༡༧ ལོའི་ཟླ ༩ བའི་ཚེས་༡༧ ཉིན། གཡག་རྒོད་བྱིས་སྒྲུང་གླིང་ནས་ཡིག་ཐོག་ཏུ་ཕབ་པའོ།


 

Topic: ཨ་རིའི་བོད་ཀྱི་ན་གཞོན་ཨ་མ་ཞིག་གི་སྙིང་གཏམ།

No comments found.

New comment