༄༅།།ཕ་ཡུལ་གྱི་བྱིས་དུས་སློབ་གསོ་ལ་རོབ་ཙམ་ལྟ་བ།

༄༅།།ཕ་ཡུལ་གྱི་བྱིས་དུས་སློབ་གསོ་ལ་རོབ་ཙམ་ལྟ་བ།

                                      སྤྱང་ཚ།

 

  ཕ་མ་ཡི་གཏམ་སྤྱོད་རེ་རེའི་ཀློང་ནས་བྱིས་པ་ལ་ཤུགས་རྐྱེན་ངང་གིས་འབྱུང་བར་བཅོས་སུ་མེད་ཅིང་། འཚར་ལོངས་ཀྱི་གྲུ་ཚིགས་རེ་རེའི་བར་ནས་གཞན་གྱི་ལད་མོ་བྱེད་པའང་བྱིས་པའི་ཆོས་ཉིད་ཡིན། དེ་བས། བྱིས་པའི་མིག་མདུན་ན་སྤྱོད་པ་བཟང་པོ་རེ་དང་། རྣ་འགྲམ་ན་སྐད་ཆ་བདེན་པ་རེ་བཤད་དེ། བྱིས་པ་ཡ་རབས་ཡོང་བར་འབད་པ་བྱ་རྒྱུ་ནི་ཕ་མའི་འོས་འགན་ཡིན། དེ་ཡང་། བྱིས་པ་ནི་ཁྱིམ་ཚང་ནས་ཡོང་ཞིང་སློབ་གྲྭ་ཡི་གནས་བརྒྱུད་དེ་སྤྱི་ཚོགས་སུ་བསྐྱོད་ཀྱིན་ཡོད་པས། སློབ་གསོ་ཡང་ཁྱིམ་ཚང་ནས་མགོ་བརྩམ་ཞིང་སློབ་གྲྭ་ཡིས་བརྒྱུན་བསྐྱངས་ཏེ། སྤྱི་ཚོགས་ཀྱིས་མཇུག་གྲུབ་པ་ཞིག་བྱེད་དགོས་མོད། ང་ཚོའི་སློབ་གསོ་ལ་མཚོན་ན། ང་ཚོའི་སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེ་དང་ཁྱིམ་ཚང་གི་གོ་ཁ་རེ་རེ་ན་དགོས་པ་དང་བྲལ་ཞིང་དགག་བྱ་དང་ལྡན་པའི་སློབ་གསོའི་གནད་དོན་ཡིད་སྐྱོ་ཞིང་ཡི་མུག་པ་དག་ཀྲོང་ངེར་ལངས་ནས་ཡོད་པ་ཐམས་ཅད་བཤད་ན།འཆད་མཁན་ཁ་ན་ཞིང་ཉན་མཁན་རྣ་སུན་པར་འགྱུར་མོད། དགོས་དབང་གིས་ཅུང་ཟད་བཤད་ན།

 

༼གཅིག འཕྲོད་བསྟེན་བྱ་ཚུལ།༽

བྱིས་པ་བདེ་ཐང་གི་སྒོ་ནས་འཚར་ལོངས་འབྱུང་བར་འགོག་རྐྱེན་ཞིག་ཡོད་པ་ནི་མཐོང་ཆོས་སུ་གྱུར་པའི་གྱོན་ཆས་དང་། ཁ་ཟས། ལུས་ཁམས་སོགས་ལ་གཙང་སྦྲ་མེད་པ་དེ་ཡིན་མོད། འོན་ཀྱང་། རང་རེས་འོས་པའི་གཙང་སྦྲ་དེ་དག་སྣང་མེད་དུ་བསྐྱུར་ཞིང་མི་འོས་པ་བྱིས་པས་གཞན་ལ་འབྲེལ་འདྲིས་བྱས་ན་སྒྲིབ་འགྲོ་བར་འདོད། དོན་དུ་རིག་གནས་དང་འདུ་ཤེས་མི་གཅིག་པའི་བྱིས་པ་གཞན་དང་འབྲེལ་འདྲིས་བྱས་པས་རང་ཉིད་ཀྱི་བྱིས་པའི་བློ་དང་དབང་པོ་གླེན་ལྐུག་ཏུ་མི་འགྱུར་བ་མ་ཟད། དེ་ལས་ལྡོག་སྟེ་སྙིང་སྟོབས་དང་བློ་རིག་ཡར་རྒྱས་སུ་འགྲོ་བ་ཡིན། གཞན་དག་གིས་རང་གི་བྱིས་པ་རྣམས་ལ་ཟས་བྱིན་ན་ཆེ་ཆུང་འདྲ་བ་དང་བྱམས་བརྩེའང་འདྲ་མཉམ་དུ་བསྟན་ཏེ་ཟས་ཅི་ཞིག་བཟའ་རུང་བ་དང་གང་ཞིག་བཟའ་མི་རུང་བ། དེ་བཞིན་ཇི་ལྟར་བཟའ་དགོས་ཚུལ་སོགས་སློབ་སྟོན་བྱེད་ཀྱི་ཡོད་པས་ཨ་རི་སོགས་ནས་ལོ་གཅིག་ལྷག་ཙམ་གྱི་བྱིས་པ་ཕལ་མོ་ཆེས་རང་གི་ཕོར་བ་རང་གིས་བཟུང་སྟེ་རང་གི་ཟ་མ་རང་གིས་ཟ་བཞིན་ཡོད། རང་རེས་ནི་རང་གི་བྱིས་པ་དག་ལ་བཏང་སྙོམས་མ་ཡིན་པའི་བརྩེ་བ་དང་འདྲ་མཉམ་མ་ཡིན་པའི་ཟས་བགོས་རྒྱག་ཀྱི་ཡོད་པ་མ་ཟད། གཅེས་ཕྲུག་ཏུ་བསྙད་པ་རྣམས་ལ་ཚད་ལྡན་མ་ཡིན་པའི་བཟོ་གྲྭ་ལས་ཐོན་པའི་ཁ་ཚྭ་ཞིང་ཁོག་འཇོམས་བྱེད་ཀྱི་དུག་ཅན་ཟས་རིགས་དག་ཆད་མེད་དུ་ལེགས་སྐྱེས་སུ་ཕུལ་ནས། ཉིན་གཅིག་ལ་འོ་བརྒྱ་ཕྲག་རེ་སྦྱོར་ཏེ་ལུས་ཁམས་ནད་དུ་བསྒྱུར། སེམས་ཁམས་གཞན་བརྟེན་དུ་བསྒྱུར་ཏེ་གནས་པ་འདི་ནི་རང་རེས་འཕྲོད་བསྟན་བྱ་ཚུལ་ལོ། 

 

 

 ༼གཉིས། སྤྱི་ཚོགས་ཀྱི་ཤུགས་རྐྱེན།༽

གཞན་ཡང་རིན་ཐང་གི་ལྟ་བ་ལ་རུལ་ཐིག་བབ་ཅིང་གཞུང་དྲང་གི་མི་གཤིས་གཞུ་སྐུད་ཀྱིས་འཐེན་པའི་འབྲས་རྟགས་སུ། ང་ཚོས་ཕོ་སུ་སྤྱང་གི་ཚད་ཐིག་གཡོ་སྒྱུས་བྱས་ཤིང་མི་སུ་གླེན་གྱི་བྲེ་ཁ་བདེན་དྲང་གིས་འཇལ་བཞིན་འདུག་པས། དུས་རབས་ཉེར་གཅིག་ལ་སླེབས་རུང་ས་སྐྱ་པཎྜི་ཏས། “མི་སྤྱང་པོ་དང་མགོ་སྟོང་ལ་ནོར་ས་ཡོད་”པ་དང་“དྲང་པོ་དང་གླེན་པ་ལ་ནོར་ས་ཡོད་”པར་གསུང་པ་དེའང་རྨད་དུ་བྱུང་བའི་ལེགས་བཤད་ཅིག་ཡིན་པ་ལས་དུས་ཡོལ་བའི་བརྡ་རྙིང་ཞིག་མིན་པ་ཐད་ཀར་གོ་ཡོང་།དྲང་པོ་ནི་གླེན་པར་བཞགས་ཤིང་གཡོ་མཁན་ནི་སྤྱང་པོར་མཐོང་བའི་ཡུལ་དུས་འདིར་ཐུན་མིན་གྱི་ཁྱད་ཆོས་ཤིག་མངའ་བ་ནི་ཁྲེལ་མེད་ལ་རྒྱལ་ཁ་ཐོབ་ཅིང་བདེན་པ་ཡིས་ཕམ་ཁ་ཁུར་འགྲོ་བ་འདི་ཡིན་པས། སྤྱི་ཚོགས་སམ་ཡུལ་དུས་ཀྱི་གནས་བབ་འདི་འདྲ་ཞིག་གི་འོག་ནས་འཚལ་ལོངས་བྱུང་བའི་བྱིས་པ་དག་ལ་ཤུགས་རྐྱེན་ཇི་འདྲ་ཞིག་ཐེབས་སྲིད་པ་ནི་བཤད་མ་དགོས་བཤམས་ནས་ཡོད་པ་འདི་རེད།

 

 ༼གསུམ། བྱམས་ཆེ་དྲག་པ།༽ 

ཤར་ནུབ་ཀྱི་སྐྱེ་བོ་སུ་ཡིན་ཡང་རང་གི་བུ་ཕྲུག་ལ་བརྩེ་བ་མེད་པ་ཞིག་གཏན་ནས་མེད་མོད། བྱམས་སྐྱོང་བྱ་ཚུལ་ནི་སོ་སོ་བ་སྟེ། ནུབ་གླིང་བས་“ཕ་མས་ག་དུས་ཡིན་ཡང་ཁྱེད་ཀྱི་རོགས་རམ་བྱེད་མི་སྲིད་ཅིང་།གྲོགས་པོས་ཀྱང་ག་དུས་ཡིན་ཡང་ཁྱེད་ཀྱི་མཐའ་ནས་བསྐོར་ཏེ་གནས་མི་སྲིད་”པས་མ་འོངས་པར་ཁྱེད་ཀྱིས་ཁེར་རྐྱང་གི་འཚོ་བ་རོལ་དགོས་པ་ཡིན་ལ། ཁེར་རྐྱང་གི་དུས་ཚིགས་དེ་མ་ཐོན་གོང་ནས་དེ་ལ་གྲ་སྒྲིག་དང་སྦྱོང་བརྡར་ཡོད་དགོས་པའི་དམ་ཚིག་ལ་རྩེ་གཅིག་ཏུ་གནས་ནས་བུ་ཕྲུག་ལ་སློབ་གསོ་གཏོང་གི་ཡོད་དེ། དཔེར་ན། ནུབ་གླིང་གི་བུད་མེད་ཞིག་སྤྲོ་སྐྱིད་གླིང་གའི་རྐུབ་སྟེགས་ཐོག་ཏུ་བསྡད། སྐབས་དེར་གོག་བགྲོད་མ་གཏོགས་མི་ཤེས་པའི་བྱེས་པ་དེས་རྐུབ་སྟེགས་འགྲམ་ནས་རྩེད་མོ་རྩེ་བཞིན་མཆིས། ཅུང་ཙམ་ནས་བྱིས་པ་དེ་གན་རྐྱལ་དུ་འགྱིལ་ཏེ་ཨ་མ་ཟེར་བཞིན་ངུས་པས། བུད་མེད་དེ་ན་རེ། གཅེས་ཕྲུག ཁྱོད་རང་སྟོབས་ཀྱིས་ཡར་ལོངས། ད་ལྟ་ཨ་མས་ཁྱོད་རང་ཡར་བསླང་ན་ཁྱོད་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས། ཞེས་བཤད་དེ་བསྡད། བྱིས་པ་དེས་ཨ་མས་ཅི་ཞིག་བཤད་ཀྱི་ཡོད་པ་མ་གོ་ཡང་། ཅུང་ཙམ་ནས་རང་ཉིད་ཀྱི་ཡན་ལག་ལ་བརྟེན་ཏེ་ལང་བྱུང་། ཡང་ཉིན་གཉིས་པའི་གནས་སྐབས་ནའང་དེ་ལྟར་འགྱིལ། སྐབས་དེར་ནི་ཨ་མ་ཞེས་མི་འབོད་ལ་ངུ་ཡང་མི་ངུ་བར་རང་ནུས་རང་རྟོགས་ཀྱིས་འགྲེང་བར་རྩོམ། གལ་ཏེ་བུད་མེད་དེ་བོད་མོ་ཞིག་ཡིན་ན། ལམ་སང་བྱིས་པ་པང་དུ་བླངས་ནས་འོ་སྦྱོར་ཞིང་མི་གནས་སམ། གལ་ཏེ་བྱིས་པ་དེ་བོད་ཕྲུག་ཅིག་ཡིན་ན་ཉིན་གཉིས་པར་ཡང་ངུས་ཏེ་མི་གནས་སམ། བར་ཁྱད་འདི་ནི་ཡན་ལག་ཚང་བའི་ཁྱིམ་ཚང་སློབ་གསོའི་བར་ཁྱད་དེ། མཐར་གཏུགས་ན་ཕ་མའི་གོ་རྟོག་གི་བར་ཁྱད་དོ།། རང་རེས་ནི་ཕྲུ་གུ་དང་ལྷན་དུ་འགྲོ་བའི་ལམ་བར་ནས་ལམ་ངན་ཞིག་དང་འཕྲད་སྐབས། ལམ་དེ་ལས་བྱིས་པ་བརྒལ་ཐུབ་ཀྱི་ཡོད་རུང་ཕ་མས་རྒྱབ་ཏུ་ཁུར་ནས་འགྲོ། ཟས་ཟ་སྐབས་བྱིས་པས་རང་ནུས་རང་རྟོགས་ཀྱི་སྒོ་ནས་བཟའ་ཐུབ་ཀྱི་ཡོད་རུང་ཕ་མས་ཁ་རུ་ལྡུད། ཞོགས་པ་ཡར་ལང་བའི་དུས་སུ་བྱིས་པས་གོས་གོན་ཐུབ་ཀྱི་ཡོད་རུང་ཕ་མས་སྐོན། དགོང་མོ་མར་ཉལ་སྐབས་ཡང་དེ་ལྟར་ཡིན། དེ་དང་དེ་ལྟ་བུའི་སྒོ་ནས་ཕ་མའི་བག་འཁུམ་གྱི་བག་ཆགས་དེ་བྱིས་པའི་ཀུན་གཞིའི་ཁམས་ན་བགོ་བཞིན་ཡོད། མདོར་བསྡུས་ཏེ་བཤད་ན། དགོས་མེད་དང་དོན་མེད་དུ་བསྟོད་ར་མང་པོ་འཐེན་ཏེ་བྱིས་པའི་ནུས་རྟོགས་ཡར་རྒྱས་ལ་བཀག་རྡོ་བསྒྲིགས་ཤིང་ཉེན་ཁ་ཅུང་ཟད་ཡོད་པའི་དོན་ཞིག་ཡིན་ན་བྱིས་པ་འཇུག་ཏུ་མི་བཅུག་པ་ནི་རང་རེས་ཕྲུ་གུ་ལ་བྱམས་སྐྱོང་བྱ་ཚུལ་ཏེ། གཞན་བརྟེན་གྱི་འདུ་ཤེས་ཕུལ་དུ་བྱུང་བ་རེ་བསྐྱེད་པར་བྱེད་དོ།། །།

 

Topic: ༄༅།།ཕ་ཡུལ་གྱི་བྱིས་དུས་སློབ་གསོ་ལ་རོབ་ཙམ་ལྟ་བ།

cialis 20mg review criteria

AFrauckcica | 17/06/2020

<a href="https://cialisle.com/">buy cialis online without prescription</a>

New comment