༄༅།། ཁ་ཤོབ་ཆེ་བའི་བྱི་ལ།

 

༄༅།། འུད་ཤོབ་ཆེ་བའི་བྱི་ལ་ཞིག་ཡོད་པ་དེས་ཉིན་ཞིག་བྱི་བ་ཞིག་བཟུང་བ་རེད། ཡིན་ཡང་ཁོས་གཟབ་གཟབ་མ་བྱས་པས་བྱི་བ་དེ་ལག་ནས་ཤོར་སོང་བ་རེད། ཁོས་བཤད་རྒྱུར། བྱི་བ་དེ་ཆུང་དྲག་ཞིང་དེ་ལ་ཟ་རིན་མེད་པས། ངས་བསམ་བཞིན་དུ་བཏང་བ་ཡིན། ཁོ་ཆེན་པོ་ཆགས་རྗེས་ད་གཟོད་འཛིན་རྒྱུ་ཡིན་ཞེས་ལབ་བརྒྱབ་པ་རེད།

 

ཡང་ཉིན་ཞིག་ལ། བྱི་ལ་དེ་ཆུ་ཁར་ཉ་འཛིན་དུ་སོང་དུས། གློ་བུར་དུ་ཉ་ཞིག་གི་རྔ་མས་ཁོའི་ངོ་གདོང་དུ་གཅིག་གཤོས་ནས། བཟོད་དཀའ་བའོ་ན་ཟུག་སྐྱེས་ནའང་། ངོ་གདོང་ནས་བཅོས་མའི་འཛུམ་ཞིག་བསྟན་ནས་བཤད་རྒྱུར། ངའི་དང་པོ་ཉིད་ནས་ཉ་དེ་འཛིན་བསམ་མེད། ཁོའི་རྔ་མ་བཀོལ་ནས་གདོང་འཁྲུད་བསམ་པ་རང་ཡིན་ཞེས་ལབ་བརྒྱབ་པ་རེད།

 

ཐེངས་ཤིག་ལ། བྱི་ལ་ལབ་རྒན་དེ་འདམ་ནར་དུ་མར་ཟུག་ནས་དངས་སྐྲག་ཆེན་པོ་སྐྱེས་ནས་ཡོད་དུས། ར་མ་ཞིག་གིས་ཁོ་ཡར་འཐེན་ཏེ་སྐྱབས་པ་རེད། བཀའ་དྲིན་ཆེ་ཞུ་བའི་ཚབ་དུ་ཁོས་ར་མ་ལ་བཤད་རྒྱུར། ཁྱོས་ང་འདམ་དུ་ལྷུང་འདུག་བསམ་བྱུང་ངམ། ངའི་ལུས་སྟེང་དུ་ལྗི་བ་ཧ་ཅང་མང་བས་ན། འདམ་གྱིས་ལུས་འཁྲུད་པའི་ཐབས་ལམ་འདི་བཀོལ་བ་ཡིན་ཞེས་ལབ་བརྒྱབ་པ་རེད།
 

ཡང་ཐེངས་ཤིག་ལ། བྱ་ལ་ལབ་རྒན་དེས་གཟབ་གཟབ་མ་བྱས་པར་ཆུ་ནང་དུ་ལྷུང་ནས་ཡོད་དུས། ཆུ་བྱ་ཞིག་གིས་གཤོང་སྟེང་ལ་བླངས་ནས་སྐྱབས་པ་རེད། ཁོས་རྫིག་རྫིག་མདོག་མདོག་གིས་བཤད་རྒྱུར། ཁྱོས་ང་ཉེན་ཁར་ཐུག་འདུག་བསམ་བྱུང་ངམ། གཏན་ནས་མིན། ངས་ཆུ་ནང་དུ་གར་རྩེད་བྱས་བསྡད་པ་ཡིན་ཞེས་ལབ་བརྒྱབ་པ་རེད། དེ་ནས་བྱི་ལ་ལབ་རྒན་གྱི་ལོ་རྒྱུས་གཅིག་ནས་གཅིག་བརྒྱུད་དེ། སྲོག་ཆགས་ཡོད་ཚད་ཀྱིས་གོ་སོང་བ་དང་། དེ་ནས་བཟུང་ཁོ་ལ་རོགས་པ་བྱེད་གཅིག་གྱང་མ་བྱུང་བ་དང་། གྲོགས་མེད་ཁེར་རྐྱང་དུ་ལུས་པ་རེད།

 

 

Topic: ༄༅།། ཁ་ཤོབ་ཆེ་བའི་བྱི་ལ།

No comments found.

New comment