པེ་ཅིན་སློབ་གྲྭ་ཆེན་མོའི་སློབ་གཙོ་གསར་པའི་གཏམ་བཤད་ཚན་པ་བཅུ།

གླིང་ང་སྲས་བོད་ཡིག་དྲྭ་ཚུགས་འཕྲིན་ཕྲན་གྱི་ལམ་ལ་ཞུགས་པ།

ཡིག་སྒྱུར་བ། པོ་ཏཱ་ལ།


དང་པོ། བསྒྲིག་དགོས་ངེས་ཀྱི་གྲོགས་གཉིས་ཏེ།
གཅིག་ནི་དཔེ་མཛོད་ཁང་དང་གཅིག་ཤོས་ནི་ལུས་རྩལ་ཐང་ངོ་།།
ལུས་རྩལ་ཐང་དུ་སོང་ནས་ལུས་རྩལ་སྦྱོང་ན་གཟུགས་པོ་བདེ་ཞིང་ལུས་སྟོབས་རྒྱས།
དཔེ་མཛོད་ཁང་དུ་སོང་ནས་དཔེ་ཆ་གང་མང་ལ་བལྟས་ཏེ། རྒྱུན་ཆད་མེད་པར་གློག་གསོག
གློག་སྣོད་དུ་འགྱུར་བ་བྱས་ནས་གློག་གཏོང་བའམ་གློག་འོད་འབྱིན་ཐུབ་དགོས་ངེས་རེད།

གཉིས་པ། ནུས་པ་མི་འདྲ་བ་གཉིས་སྐྱེད་སྲིང་ཐུབ་དགོས་ཏེ།
གཅིག་ནི་རང་ཚོད་ཟིན་པའི་ནུས་པ་དང་གཅིག་ཤོས་ནི་འཇོན་ཐང་རེད།
མི་ཚུལ་ལྡན་ཞིག་བྱེད་དུས་རང་ཚོད་ཟིན་པ་ལ་བརྟེན་དགོས་ཤིང་།
བྱ་བ་བསྒྲུབ་སྐབས་འཇོན་ནུས་ལ་བརྟེན་དགོས།
གོང་སྨོས་ནུས་པ་གཉིས་ལ་བརྟེན་ནས་བྱ་གཞག་གསར་གཏོད་བྱས་ན་གཟོད་བློ་གཏད་ཆོག་པ་ཞིག་གོ།

གསུམ་པ། དགའ་བཞིན་ཉམས་སུ་མྱོང་དགོས་པའི་དོན་དག་གཉིས་ཏེ།
གཅིག་ནི་གྱོང་རག་པའམ་ཕམ་ཁ་ཁུར་བའི་དུས་དང་གཅིག་ཤོས་ནི་སྡུག་པོ་མྱོང་བའི་སྐབས་རེད།
མི་ཞིག་བྱེད་སྐབས་གྱོང་རག་པར་སྐྲག་མི་ཉན།
བྱ་བ་སྒྲུབ་དུས་སྡུག་པོ་མྱོང་བར་འཇིགས་མི་རུང་།
གྱོང་རག་པ་ནི་བསོད་ནམས་རེད་ལ་སྡུག་པོ་མྱོང་བའང་བསོད་ནམས་སོ།།

བཞི་བ། འཛོམས་དགོས་པའི་སྟོབས་ཤུགས་གཉིས་ཏེ།
གཅིག་ནི་བསམ་བློའི་སྟོབས་ཤུགས་དང་གཅིག་ཤོས་ནི་རལ་གྲི་རྣོ་དབལ་ཅན་གྱི་སྟོབས་ཤུགས་རེད།
དེ་ལས་ཀྱང་བསམ་བློའི་སྟོབས་ཤུགས་ནི་ནམ་ཡང་རལ་གྲི་རྣོ་དབལ་ཅན་ལས་ངར་བ་ཞིག་སྟེ།
མི་ཞིག་གིས་ཕུགས་བསམ་ཇི་ཙམ་རྒྱང་རིང་ལ་སྐྱེད་ཐུབ་ན། ཁོ་རང་ཧ་ལམ་དེ་ཙམ་གྱི་ལམ་ཐག་རིང་བོ་ཞིག་ཏུ་འཕུར་སྐྱོད་བྱེད་ཐུབ།

ལྔ་བ། བརྩོན་ལེན་བྱ་དགོས་པའི་གཅིག་མཐུན་གཉིས་ཏེ། གཅིག་ནི་འདོད་མོས་དང་ལས་དོན་གཅིག་མཐུན།
གཅིག་ཤོས་ནི་བརྩེ་དུང་དང་གཉེན་སྒྲིག་གཅིག་མཐུན་ཡིན་དགོས།
འདོད་མོས་དང་ལས་དོན་གཅིག་མཐུན་བྱུང་ན་ཁྱོད་ཀྱི་ཚད་མཐོའི་གཏིང་ཤུགས་འདོན་སྤེལ་ཐུབ་པ་རེད།
གཉེན་སྒྲིག་པར་བརྩེ་དུང་གི་རྨང་གཞི་དགོས།
བརྩེ་དུང་མེད་པའི་གཉེན་སྒྲིག་ནི་ཀུན་སྤྱོད་ཀྱིས་དབུལ་བའི་གཉེན་སྒྲིག་སྟེ།
དེ་ནི་སྲ་བརྟན་འགྱུར་མེད་ཀྱི་གཉེན་སྒྲིག་ཀྱང་ཡིན་མི་སྲིད་ཅེས་ཨེན་ཀེ་སི༼Engels༽ས་བཤད།

དྲུག་པ། ཡོད་དགོས་པའི་གཤོག་པ་གཉིས་ཏེ།
གཅིག་ལ་ཕུགས་བསམ་ཟེར་ཞིང་གཅིག་ཤོས་ལ་སེམས་ཤུགས་ཟེར།
མི་ཞིག་ལ་གོང་གི་གཤོག་པ་གཉིས་ཡོད་སོང་ན་གཟོད་མཐོ་བའི་དབྱིངས་དང་རིང་བའི་སར་བགྲོད་ཐུབ་བོ།།

བདུན་པ། གསར་དུ་ལས་དགོས་པའི་སྲོག་ཤིང་ངམ་རྒྱབ་རྟེན་གཉིས་ཏེ།
གཅིག་ནི་ཚན་རིག་དང་གཅིག་ཤོས་ནི་མིའི་རིག་གནས་སོ།།

བརྒྱད་པ། བསྐོ་གཞག་བྱ་དགོས་པའི་ཁམས་སྲུང་ལྷ་རྗེ་གཉིས་ཏེ།
གཅིག་ལ་ལུས་རྩལ་ཟེར་ཞིང་གཅིག་ཤོས་ལ་སྤྲོ་སྣང་ཟེར།
ལུས་རྩལ་གྱིས་ཁྱོད་ཀྱི་ལུས་ཁམས་བདེ་ཐང་དང་སྤྲོ་སྣང་གིས་ཁྱོད་ཀྱི་སེམས་ཁམས་བདེ་ཞིང་ཐང་བར་བྱེད།
ཉིན་དཀར་གོམ་པ་ཁྲི་ཡི་ལམ་དུ་བསྐྱོད། མཚན་མོར་ཤོག་ལྷེ་བཅུ་ཡི་དཔེ་ཆར་ལྟོས།

དགུ་བ། སེམས་སུ་འཛིན་དགོས་པའི་མན་ངག་གཉིས་ཏེ།
བདེ་ཐང་གི་མན་ངག་ཞོགས་པར་རག་ལས་ཤིང་། དོན་འཁྱོངས་བའི་མན་ངག་དགོང་མོར་རག་ལས་པ་སྟེ།
མི་ཡི་ཁྱད་པར་ནི་ལས་ཞོར་དུས་ཚོད་ལས་བྱུང་ཞིང་།
ལས་ཞོར་དུས་ཚོད་ཀྱིས་མི་ཞིག་གྲུབ་འབྲས་ཅན་དུ་བསྒྱུར་ཐུབ་པ་མ་ཟད།
མི་ཞིག་རྩ་མེད་དུའང་གཏོང་ཐུབ་ཅེས་ཨེན་སི་ཐན༼Einstein༽་གྱིས་གསུངས་མྱོང་ངོ་།།

བཅུ་བ། དོན་གཉེར་དགོས་པའི་རྩེར་སོན་གཉིས་ཏེ།
གཅིག་ནི་རང་ངོས་ཀྱི་གཏིང་ཤུགས་རྩེར་སོན་པ་ཞིག་འདོན་སྤེལ་ཐུབ་དགོས།
གཅིག་ཤོས་ནི་རང་ཉིད་ཀྱི་ཚེ་སྲོག་བདེ་ཐང་ངང་ཡང་རྩེར་བསྲིང་རྒྱུ་དེའོ།།

སྤྱིའི་ཚབ་ཏུ་སྐད་ཆ་བཤད་པ་བཞག་ནས་སྒེར་ངོས་ཀྱི་འཇོན་ནུས་གོང་འཕེལ་དུ་གཏོང་བ་ནི་ད་ལྟའི་འགྲོ་སྟངས་གསར་པ་ཞིག་ཡིན།
ལམ་ཁ་འདི་ཐོག་མར་འདེམས་མཁན་ཡང་ང་ཚོ་ན་གཞོན་སྐོར་ཞིག་ཆགས་སོང་ཨང་། གླིང་སྲས་ཀྱིས།