ཕྱུགས་རྫི་ཆུང་ཆུང་།

 ༄༅།། མཐོ་སྒང་གི་འབྲོག་སྡེ་ཆུང་ཆུང་འདིར་མཚོན་ན་ད་ནི་གྲང་ངར་གྱི་དགུན་ཁ་ཕར་ལ་བསྐྱལ་ནས། དྲོད་འཇམ་གྱི་དཔྱིད་ཀ་ཚུར་བསུ་བའི་དུས་ཚིགས་ཡིན་པས།རི་མཐོན་པོའི་རྩེ་མོ་ན་ད་དུང་གངས་ཀྱིས་གཡོགས་ཡོད་ནའང་། རི་འདབས་དང་རྩྭ་ཐང་གི་ཁ་མདོག་ག་ལེར་སྔོ་ལྗང་དུ་འགྱུར་བཞིན་མཆིས།ཆུ་བོའི་འགྲམ་དར་ལྷུང་ནས་ཆུའི་འགྲམ་ངོགས་སུ་རྩྭ་ལྗང་དང་མེ་ཏོག་སྐྱེ་ལ་དགའ་གང་སར་བཞད་དེ་མི་རྣམས་ལ་ད་ནི་དགུན་གྱི་གྲང་ངར་ཕར་བསྐྱལ་ནས་ཉི་འོད་ཀྱི་ཁེངས་པའི་དཔྱིད་ཀ་ཚུར་སླེབས་བཞིན་པ་དང་། མི་དང་སེམས་ཅན་ཐམས་ཅད་གཉིད་ལས་བསླངས་ཏེ་སོ་སོའི་ལས་ལ་སྩོལ་དགོས་བའི་དྲན་བརྡ་གཏོང་བཞིན་པ་དང་འདྲ། འབྲོག་སྡེ་ཆུང་ཆུང་འདིའི་བྱིས་པ་རྣམས་ཀྱང་སྔ་མོ་མལ་ལས་ལངས་ཏེ་ནོར་རྫིར་འགྲོ་བར་བྲེལ་བའི་སྒང་ཡིན།བསོད་ནམས་དང་གཡུ་ཆུང་གཉིས་ནི་རུ་སྐོར་ཁྱིམ་འཚེས་དང་ཆུང་དུས་ཀྱི་རྩེད་རོགས་ཡིན་པས། ནམ་རྒྱུན་བཞིན་སོ་སོའི་ཁྱིམ་ནས་རྩམ་པ་ཆངས་བུ་དང་ཤ་སྐམ་པོ། ཀ་ར་བུ་རམ་བཅས་སློག་པའི་རུམ་ལ་བཅུག་ནས་ནོར་རྫིར་འགྲོ་གི་ཡོད།


དེ་རིང་ཡང་ཁོང་གཉིས་ནམ་རྒྱུན་ལྟར་ནོར་ཁྱུ་འཚོ་སའི་རྫ་རྒན་འདབས་ནས་ཐུག་སྟེ།ནོར་ཁྱུ་གཉིས་མཉམ་དུ་བསྲེས་ཏེ་ཁོང་གཉིས་ཀྱིས་མཐའ་ནས་ནོར་འཚོ་ཞོར་ཁེད་བཤད་རེས་དང་བྲོ་ཁ་ཟས་ནས་བསྡད།བསོད་ནམས་ལོ་བཅུ་གཉིས་དང་གཡུ་ཆུང་ལོ་བཅུ་རེད། འབྲོག་པའི་བྱིས་པ་ཚོར་མཚོན་ན་བརྒྱད་པ་ཁ་ཤོ་ནོར་རྫི་ཞེས་ལོ་བརྒྱད་ལོན་པ་ནས་བཟུང་ནོར་ལུག་འཚོ་སྐྱོང་ལ་གཏོང་བའི་སྲོལ་ཡོད། ད་ལྟ་ཁོང་གཉིས་ལོ་བརྒྱད་ལས་བརྒལ་ཚར་བས་ཁོང་གཉིས་ལམཚོན་ན་ནོར་འཚོ་རྒྱུར་དཀའ་ངལ་གང་ཡང་མེད།


ད་ལྟའི་དུས་ནི་དཔྱིད་ཀ་ཡིན་པས་ཟོག་གི་ཤ་ཤེད་རྒྱས་མེད་པས་དུས་ཡིན་ཕྱིར། སྐབས་འདི་ནི་འབྲོག་པའི་བུ་ཆུང་ཚོས་ཡ་རུ་སྣ་ལོ་བརྟོལ་བའི་དུས་ཡིན་ཞིང་།བསོད་ནམས་ཀྱིས་ཡ་རུ་ཁྲ་རིས་ཀྱི་སྣ་ཕུག་ཡོད་པ་དེའི་སྣའི་ནང་ཤིང་གི་སྣ་གཅུ་དང་ཐ་གུ་བརྒྱབ་ནས་ཉིན་གང་བོར་ཞོན་ཏེ་གཡུང་ལ་ཕབ་ཡོད་ལ།ལན་རེར་བསོད་ནམས་ཡ་རུ་ཁྲ་རིས་ལ་ཞོན་ནས་གཡུ་ཆུང་རྒྱབ་ཏུ་བཞག་སྟེ་འགྲོ་བ་དང་། ཡང་ལན་རེར་ཁོ་གཅིག་པུ་ཞོན་དེ་གཡག་སྣ་གང་དུ་གཅུས་ན་དེ་རུ་རྒྱུགས་ཀྱིན་ཡོད་པས་ཁོ་རང་གཡག་ཞོན་ན་ཧ་ཅང་བྱང་ཆ་ཅན་ཞིག་ཏུ་ཆགས།

དེ་བཞིན་ཕྱི་དྲོ་ཉི་མ་ནུབ་རིར་ཡིབ་ལ་ཁད་ཀྱི་དུས་སུ། བསོད་ནམས་ཀྱིས་བཤད་རྒྱུར། གཡུ་ཆུང་། ད་ངས་ཡ་རུ་སྣ་ལོ་བརྟོལ་ཚར་བ་ཡིན། ཁྱེད་ཀྱིས་ཞོན་ནས་ནོར་དེད་ན་འགྲིག་ཅེས་བཤད་། གཡུ་ཆུང་དགའ་ནས་ངོ་མ་ཡིན་ནམ། བསོད་བྷེ་ཞེས་དྲིས། ངོ་མ་ཡིན་ཞེས་བསོད་ནམས་ཀྱིས་ལན་བཏབ། དེ་ནས་བསོད་ནམས་ཀྱི་ཡ་རུ་ཁྲ་རིས་ཚུར་ཁྲིད་ཡོང་སྟེ་གཡུ་ཆུང་བསྐྱོན་ནས་ཁོས་ཡ་རུའི་སྣ་ཐིག་ནས་བཟུང་སྟེ་ནོར་ཁྱི་དེད་ནས་སོང་བ་དང་།

ཡུལ་ལ་ཐོན་གྲབས་ཡོད་པའི་དུས་སུ་བསོད་ནམས་ཀྱིས་གཡུ་ལོ་ད་ཁྱེད་རང་གིས་སྣ་ཐིག་ནས་བཟུང་སྟེ་ནོར་དེད་ནས་སོང་དང་། ཁྱིམ་མཚེས་བྱིས་པ་ཚོས་མཐོང་ན་སྨོན་པ་ཤོར་གྱི་རེད་ཅེས་བཤད། གཡུ་ཆུང་གིས་། མིན་ང་སྐྲག་གི་འདུག་ཅེས་བཤད། བསོད་ནམས་ཀྱིས་སྐྲག་དགོས་པ་མ་རེད་སྤོབས་པ་ཅུང་ཆེན་པོ་བྱོས་ཞེས་བཤད་ཞོར་སྣ་ཐིག་ལག་ཏུ་བཞག  དེ་མ་ཐག་གཡུ་ཆུང་གིས་སྣ་ཐིག་འཐེན་མ་ཐུབ་པར་གོམ་པ་གཅིག་གཉིས་ལས་མ་སྤོས་པར་མོ་ས་ལ་ག་ལེར་ལྷུང་བ་རེད། 

མོ་ཡར་ལངས་ནས་ངུ་བཞིན་བསྡད་པ་ན།བསོད་ནམས་ཀྱིས་ཡ་རུ་ཁྲ་རིས་ནོར་ཁྱུར་བྲོས་བ་དེ་བཟུང་ནས་ཕྱིར་གཡུ་ཆུང་གིས་གམ་ལ་ཁྲིད་ཡོང་སྟེ། གཡུ་ཆུང་གི་གདོང་གི་མིག་མཆི་ཕྱི་ཞོར་མགོ་ལ་བྱིལ་བྱིལ་བྱས་ནས། ཁྱེད་རང་སྐྲག་དྲགས་པ་ཡ་རུའི་ཧ་གོ་གི་ཡོད་རེད། སྐྲག་སྣང་ཁྱོན་ནས་མ་བྱེད་པར་སྣ་ཐིག་དམ་པོར་བཟུང་ནས་གཅུ་དགོས་ཞེས་སེམས་ཤུགས་སྦར་ཞོར་ཡང་བསྐྱར་གཡུ་ཆུང་ཡ་རུ་ཁྲ་རིས་ལ་བསྐྱོན་པ་དང་། ག་ལེར་གོམ་པ་བཅུ་ཉི་ཤུ་ལ་ཁྲིད་རྗེས། གཡུ་ཆུང་ལ་ད་ཁྱེད་རང་གཅིག་པུ་འགྲོ་ཐུབ་ས་རེད་དམ་སྐྲག་གི་འདུག་གམ་ཞེས་དྲིས། གཡུ་ཆུང་ནས་ང་གཅིག་པུ་འགྲིག་ས་རེད་ཅེས་ལན་བཏབ་རྗེས། སྣ་ཐིག་རང་གི་ལག་པས་དམ་པོར་བཟུང་སྟེ་ལུས་ཧྲིལ་པོ་ལྷོད་ལྷོད་བྱས་ནས་སོང་བ་ན་སྣ་ཐིག་གཡས་གཡོན་གང་ལ་གཅུས་ན་ཡ་རུ་ཁྲ་རིས་ཀྱང་དེར་འགྲོ་བས།གཡུ་ཆུང་གིས་ཡ་རུ་ཞོན་ནས་ནོར་ཁྱུ་དེད་པ་དང་བསོད་ནམས་ཀྱིས་རྐང་ཐང་ལ་ནོར་ཁྱུ་དེད་དེ་ཕྱིར་ཁྱིམ་ལ་སླེབས་དུས།

 

ཁྱིམ་མཚེས་ཀྱི་ལོ་མཉམ་བྱིས་པ་ཚང་མས་མཐའ་བསྐོར་ནས། ལྟོས་དང་། གཡུ་ཆུང་གིས་ཡ་རུ་ཁྲ་རིས་ཞོན་ནས་སླེབས་བྱུང་ཞེས་ཡིད་སྨོན་དང་དགའ་སྤྲོའི་ངང་ས་ལྡིང་གནམ་ལྡིང་གྱིས་འུར་སྒྲོག  གཡུ་ཆུང་ཧ་ཅང་དགའ་ནས་བསོད་ནམས་ལ།བསོད་བྷེ་དེ་རིང་ཁྱེད་ཀྱིས་ང་ལ་གཡག་ཞོན་སྟངས་བསླབ་པར་བཀའ་དྲིན་ཆེ་ཞེས་བརྗོད། བསོད་ནམས་ཀྱིས་ལན་དུ། མ་གཞི་ཁྱེད་རང་བུ་མོ་སྙིང་སྟོབས་ཅན་ཞིག་རེད། ཐང་ལ་བརྒྱབ་ཀྱང་མཚམས་མ་བཞག་པར་ཡང་བསྐྱར་བསླབས་པས།ད་གཟོད་ཁྱེད་ཀྱིས་དེ་རིང་གཡག་ཞོན་ཐུབ་པ་བྱུང་བ་རེད་ཅེས་བསྔགས་བརྗོད་བྱས། ཁོང་གཉིས་དགའ་དགའ་སྐྱིད་སྐྱིད་ངང་སང་ཉིན་ཐུག་ཡོང་ཞེས་བཤད་ཞོར་རང་རང་སོ་སོའི་ཁྱིམ་ལ་ལོག
 

ལྕགས་མོ་འཚོས་བྲིས་པ་དང་མཁས་གྲུབ་གྱིས་རི་མོ་བྲིས།

 གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Contact Us