ཨ་ཕྷི་རི་ཀའི་དམངས་ཁྲོད་སྒྲུང་གཏམ།

བྱི་ལས་བྱི་བ་གསོད་པའི་རྒྱུ་མཚན་ཅི།

༄༅།། ཨན་སན་ནི་མི་ལོ་ལྔ་བཅུའི་རིང་ཁ་ལ་བྟར་གྲོང་ཁྱེར་གྱི་རྒྱལ་སྲིད་བསྐྱངས་མྱོང་བའི་ཨ་ཧྥུ་རི་ཀའི་རྒྱལ་བོ་ཞིག་རེད། ཁོང་ལ་བློ་སེམས་དཀར་བའི་ཕྱག་མཛོད་ཅིག་ཡོད་པ་ནི་བྱི་ལ་ཞིག་ཡིན་པ་དང་། བྱི་བ་ནི་བྱི་ལའི་ཕྱག་རོགས་ཡིན་པ་རེད། སྤྱིར་རྒྱལ་བོ་དེ་སྐུ་དབང་ཤིན་ཏུ་བཙན་ནའང་། བྱི་ལར་ཧ་ཅང་བརྩེ་འདང་གནང་གི་ཡོད་པ་རེད། རྒྱུ་མཚན་ནི། བྱི་ལ་རྒྱལ་བོ་ལ་བློ་དཀར་ཞིང་ལས་ལ་བརྩོན་པ་ཞིག་རེད།
 

ནམ་ཞིག་ཕྱག་མཛོད་ལས་གྲོགས་བྱི་བ་དེའི་སེམས་པ་རྒྱལ་བོའི་འཁོར་གྱི་གཡོག་མོ་ཞིག་ལ་ཆགས་པ་དང་། མོར་ལག་རྟགས་ཞིག་སྤྲོད་འདོད་ཡོད་ཀྱང་། འཚོ་བ་ཧ་ཅང་སྐྱོ་བ་དང་དངུལ་གཅིག་ཀྱང་མེད་པས། མོ་ལ་ལག་རྟགས་ཁྱོན་ནས་སྤྲོད་མ་ཐུབ་པ་རེད།
 

ཉིན་ཞིག་བྱི་བའི་སེམས་ལ་རྒྱལ་བོའི་མཛོད་ཁང་དྲན་པ་དང་། མཚན་མོ་དེར་ཁོ་མཛོད་ཁང་སྟེང་དུ་བུད་དེ། མཚན་གང་བོར་ཁུང་བུ་བརྐོས་པ་དང་། ཕྱི་ཉིན་ནམ་ལངས་ཁར་ཁུང་བུ་བརྐོས་ཚར་ཏེ་ནང་དུ་འཛུལ་ཐུབ་པ་དང་། དེ་ནས་ཁོ་ནུབ་མོ་རྟག་པར་མཛོད་ཁང་ལ་འཛུལ་ནས། མ་རྨོས་ལོ་ཏོག་གི་འཕྲེང་བ་རེ་རེ་བརྐུས་ཏེ། རང་གི་སྙིང་སྡུག་མ་ལ་སྤྲོད་ཀྱི་ཡོད་པ་རེད།
 

ཟླ་མཇུག་དུ། བྱི་ལས་རྒྱལ་བོའི་མདུན་དུ་མཛོད་ཁང་ནང་གི་རྒྱུ་ནོར་རྩིས་རྒྱག་དུས། མ་རྨོས་ལོ་ཏོག་གི་འཕྲེང་བ་མང་བོ་བོར་བརླག་ཏུ་ཕྱིན་པ་ཤེས། དེ་ནས་རྒྱལ་བོ་ཁོང་ཁྲོ་རབ་ཏུ་འབར་ཏེ། བྱི་ལར་བཀའ་སྐྱོན་བཏང་བར།བྱི་ལའི་གདོང་དམར་པོ་ཆགས་ཏེ་བཤད་རྒྱུ་གང་ཡང་མ་རྙེད་པ་རེད། ཉིན་ཞིག་བྱི་ལའི་གྲོགས་པོ་ཞིག་གིས་རྐུན་མ་དེ་ཕྱག་མཛོད་ལས་གྲོགས་བྱི་བ་ཡིན་པ་ཤེས་ནས།བྱི་ལའི་དྲུང་དུ་ཕྱིན་ཏེ།བྱི་བས་མ་རྨོས་་ལོ་ཏོག་གི་འཕྲེང་བ་བརྐུས་ནས་ཁོ་རང་གི་མཛའ་མོར་སྤྲད་འདུག་ཅེས་བཤད་པ་རེད།
 

དེ་ནས་བྱི་ལ་རྒྱལ་པོའི་དྲུང་དུ་སོང་སྟེ་དོན་དེ་ཞུས་པ་ན། རྒྱལ་པོས་གཡོག་མོ་མདུན་དུ་སྐད་བཏང་སྟེ་མོའི་རྐུབ་ལ་ལྕགས་ཀྱིས་མང་བོ་བྲབས་པ་དང་། དེ་ནས་རྒྱལ་པོས་བྱི་བ་བྱི་ལའི་ལག་ཏུ་སྤྲད་དེ་ཆད་པ་གཅོད་དུ་བཅུག་པ་དང་། བྱི་ལ་དང་བྱི་བ་གཉིས་ཀ་ཕོ་བྲང་ལས་ཕྱིར་བསྐྲད་པ་རེད། བྱི་ལ་དང་བྱི་བ་གཉིས་ཕོ་བྲང་ཕྱི་ལོག་ཏུ་ཐོན་མ་ཐགབྱི་ལ་ཁོང་ཁྲོ་རབ་ཏུ་ལངས་ཏེ་མཆོང་ཐེངས་གཅིག་གིས་བྱི་བ་བསད་དེ་ཟོས་པ་དང་། དུས་དེ་ནས་བཟུང་བྱི་ལས་བྱི་བ་ག་དུས་མཐོང་ནའང་གསོད་རྐྱང་དང་ཟ་རྐྱང་བྱེད་ཀྱི་ཡོད་པ་རེད།
 

མཁས་གྲུབ་གྱིས་བསྒྱུར། ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག