wildyaks
Wildyaks
>
མངལ་གནས་བྱིས་པའི་འཕེལ་འགྱུར་སྐོར་ཀྱི་རྒྱུན་ཤེས་དང་བྱེད་ཐབས།
མངལ་གནས་བྱིས་པའི་འཕེལ་འགྱུར་སྐོར་ཀྱི་རྒྱུན་ཤེས་དང་བྱེད་ཐབས།
ནང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་འབྲིང་བའི་སྟོད་ཆའི་་ཤོག་ངོས་༡༧༧་ནང་དུ།
ཚེ་འདིའི་སྐྱེ་བ་ནི་ཐོལ་བྱུང་དུ་གསར་དུ་གྲུབ་པ་ཞིག་མ་ཡིན་པར་སྐྱེ་བ་སྔ་མ་ལས་འདིར་འོངས་པར་སྒྲུབ་བྱེད་དང་བཅས་སྨྲ་བར་བརྟེན་ཞེས་གསུངས་པ་ལྟར།
བུད་མེད་ཀྱི་ལུས་ལ་མངལ་སྦྲུམ་པའི་སྐབས་སུ་མངལ་གནས་བྱིས་པའི་ཡིད་ཀྱི་རྣམ་ཤེས་གསར་དུ་གྲུབ་པ་ཞིག་མ་ཡིན་པར་རྣམ་ཤེས་ཀྱི་རྒྱུན་སྔ་མ་ལས་བྱུང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་ཡོད།
དགའ་བོ་མངལ་མཇུག་གི་མདོ་དང་དུས་འཁོར་གྱི་རྒྱུད།
བོད་ཀྱི་གསོ་བ་རིག་པའི་གཞུང་བཅས་སུ་གསུངས་པ་ལྟར་ན།
བར་དོའི་རྟེན་ཅན་དེ་དང་ཕ་མ་གཉིས་གྱིས་སྔོན་བསགས་ཀྱི་ལས་དང་བསོད་ནམས་ལ་བརྟེན་ཏེ་ཕ་མའི་ཁུ་ཁྲག་དཀར་དམར་གྱི་དབུས་སུ་བར་དོ་བ་དེའི་རྣམ་པར་ཤེས་པ་འཇུག་གི་ཡོད་པའི་གནས་ཚུལ་ཟབ་ཀྱང་རྒྱས་པ་ཞིག་གསུངས་ཡོད།
ཡེ་ཤུའི་ཆོས་ལུགས་ལ་སོགས་པའི་འཛམ་གླིང་གི་ཆོས་ལུགས་མང་བོས་མི་སྒེར་གྱི་ཚེ་སྲོག་རེ་རེ་དཀོན་མཆོག་
(God)
གིས་བཟོས་ཏེ་བུད་མེད་ཀྱི་མངལ་དུ་འཇོག་གི་ཡོད་པ་འགྲེལ་བརྗོད་གནང་གི་ཡོད།
ཡིན་ནའང་།
དེང་རབས་ཀྱི་ཚན་རིག་པ་དང་ཉམས་ཞིབ་པ་ཚོར་འགྲོ་བ་མིའི་རྣམ་ཤེས་ངོས་འཛིན་བྱེད་ཚུལ་དང་།
བུད་མེད་ཀྱི་མངལ་དུ་རྣམ་ཤེས་ཇི་ལྟར་གྲུབ་ཚུལ་གྱི་སྐོར་ལ་གཅིག་གྱུར་གྱི་ལྟ་བ་ཞིག་ཕལ་ཆེར་མེད་པར་སྣང་།
འོན་ཏེ་དགའ་བོ་མངལ་འཇུག་གི་མདོ་དང་བོད་ཀྱི་གསོ་རིག་གི་གཞུང་དུ་གསུངས་པའི་མངལ་གནས་བྱིས་པའི་འཕེལ་འགྱུར་གྱི་དགོངས་ཚུལ་དང་དེང་རབས་ཀྱི་ཚན་རིག་པ་ཚོས་ཉམས་ཞིབ་ཀྱི་གྲུབ་དོན་གཉིས་ལ་མཚུངས་ཆོས་ཀྱི་ཆ་ཤིན་ཏུ་མང་བོ་ཡོད་པས་གཤམ་དུ་རོབ་ཙམ་གླེང་བར་སྤྲོའོ།།
ཨ་རིའི་སྨན་ཁང་གྲགས་ཅན་མེ་འོ་ཁུ་ལ་ནེ་ཁུ་
(Mayo Climic)
ནས་བཏོན་པའི་ལམ་སྟོན་དཔེ་ཆ་ཞིག་གི་ནང་དུ་བུད་མེད་ལ་ཟླ་མཚན་བབས་ནས་གཟའ་འཁོར་གཉིས་ཀྱི་རྗེས་ཀྱི་ཉིན་ཤས་ནང་ལ་བུད་མེད་ཀྱི་མངལ་གྱི་སྒོ་ང་ཡོངས་སུ་སྨིན་ཡོད་པས་བུད་མེད་ལ་མངལ་ཆགས་སླ་བོ་ཡོད་པར་བཤད།
བོད་ཀྱི་གསོ་རིག་གི་གཞུང་དུ་བུད་མེད་ལ་མངལ་ཆགས་ནས་ཟླ་བ་ལྔ་ལོན་པའི་སྐབས་སུ་མངལ་གནས་བྱིས་པའི་སེམས་ཁམས་སྔར་ལས་ཆེས་གསལ་བོར་འགྱུར་གྱི་ཡོད་པར་བཤད་འདུག་པ་ལྟར།
དེང་རབས་ཀྱི་གསོ་རིག་ཉམས་ཞིབ་པ་ཚོས་ཨ་མའི་ལུས་ལ་མངལ་སྦྲུམ་ནས་ཟླ་བ་བཞི་དང་ཕྱེད་ལོན་པའི་ཚེ།
མངལ་གནས་ཕྲུ་གུས་ཨ་མའི་སྙིང་རྩ་འཕར་བའི་སྒྲ་དང་ཕོ་བ་འགུལ་བའི་སྒྲ་ཐོས་ཀྱི་ཡོད་པར་བཤད་པ་དང་།
མངལ་གནས་བྱིས་པ་ཟླ་བ་དྲུག་ལོན་པའི་སྐབས་སུ་ཨ་མས་བཤད་པའི་སྐད་ཆ་གོ་ཐུབ་ཀྱི་ཡོད་པ་མ་ཟད།
སྐད་ཆའི་ནང་གི་དབྱངས་གསལ་གྱི་སྒྲ་ངེས་ཅན་རེ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་པ་དང་ཨ་མའི་སྐད་གདངས་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད།
དེ་ལྟར་ན་བོད་པའི་ཕ་མ་ཚོས་ཀྱང་ཨ་མའི་མངལ་གྱི་ཐད་ནས་བོད་སྐད་ཀྱི་ཁ་བརྡ་བྱེད་པ་དང་བོད་ཡིག་གི་དཔེ་ཆ་ཀློག་དགོས་པ་ཤིན་ཏུ་གལ་ཆེ།
དེ་ལས་གཞན་རོལ་མོ་དཀྲོལ་བ་དང་གླུ་གཞས་ལེན་པ།
ཆོས་འདོན་པ་དང་ཆོས་བཏོན་པའི་སྒྲ་ལ་ཉན་དུ་བཅུགས་ཏེ་མངལ་གྱི་སློབ་གསོ་སྤྲོད་དགོས་པ་ཡིན།
མ་ཁོག་ནི་མངལ་གནས་བྱིས་པས་སྐད་ཆའི་སློབ་གསོ་ཐོག་མར་མྱོང་ས་དེ་ཡིན་པ་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད།
ཨ་མས་བཤད་པའི་སྐད་ཆ་ནི་བྱིས་པའི་ཐོས་པའི་ཆེས་ཐོག་མའི་སྐད་ཆ་དེ་ཡིན།
ཕ་མས་མངལ་གནས་བྱིས་པར་སྐད་ཆ་ག་ཚོད་བཤད་ཐུབ་ན།
དེ་ཚོད་ཀྱི་མངལ་གནས་བྱིས་པའི་སེམས་ཁམས་སུ་བདེ་འཇགས་ཡོང་བ་དང་།
མཚེར་སྣང་མི་སྐྱེ་བར་ཕན་ཐོགས་ཡོད་པར་བཤད།
དེ་བཞིན་དུ་མངལ་གནས་བྱིས་པའི་སེམས་ཁམས་སུ་སྤྲོ་སྣང་སྤྲོད་ཀྱི་ཡོད་པར་བཤད་ཅིང་།
ཕྲུ་གུ་མངལ་ནས་བཙས་དུས་ཕ་མའི་སྐད་གདངས་དང་མི་གཞན་གྱི་སྐད་གདངས་ཀྱི་དབྱེ་བ་འབྱེད་ཤེས་ཀྱི་ཡོད་པར་བཤད་ཀྱི་ཡོད་པ་དང་།
བཙས་མ་ཐག་པའི་བྱིས་པ་དཀྱིལ་དུ་བཞག་སྟེ་སྨན་པ་དང་ཕ་མ་གཉིས་ཀྱིས་བྱིས་པར་སྐད་ཆ་བཤད་པའི་སྐབས་སུ།
བྱིས་པའི་མིག་འབྱེད་བཙུམ་བྱེད་མི་ཐུབ་ནའང་།
མགོ་རང་བཞིན་གྱིས་ཕ་མའི་ཕྱོགས་སུ་འཁོར་འགྲོ་བའི་བརྙན་སོགས་དྲ་ལམ་དུ་མང་བོ་ཡོད།
དེ་ལྟར་ན་ང་ཚོ་བོད་པའི་ཕ་མ་ཚོས་གནད་དོན་འདི་གལ་ཆེན་པོར་བརྩིས་ཏེ་བྱིས་པ་ཨ་མའི་མངལ་དུ་ཡོད་པའི་དུས་སྐབས་ནས་འགོ་བཙུགས་ཏེ་བོད་སྐད་ཀྱི་ལམ་ནས་ཁ་བརྡ་མང་བོ་བྱེད་དགོས་སོ།།
ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དཔེ་ཆའི་པོད་འབྲིང་བའི་ནང་དུ་མངལ་གནས་བྱིས་པ་ལ་ཐོག་མར་ཕ་མའི་ཁུ་ཁྲག་འདྲེས་པའི་དྭངས་མ་ཙམ་ཞིག་ལས་མེད་པ་དང་།
རིམ་གྱིས་འཕེལ་རྒྱས་སུ་སོང་སྟེ་ལུས་ཀྱི་ཡན་ལག་དང་།
དབང་བོ་རྣམས་དོད་ཀྱི་ཡོད་པའི་ལྟ་བ་དེ་དགའ་བོ་མངལ་འཇུག་གི་མདོ་དང་དུས་འཁོར་གྱི་རྒྱུད།
བོད་ཀྱི
གསོ་རིག་གི་གཞུང་གསུམ་མཐུན་གྱི་ཡོད་པར་གསུངས་འདུག
བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱདགའ་བོ་མངལ་འཇུག་གི་མདོའི་ནང་དུ་བུད་མེད་ཀྱི་ལུས་ལ་མངལ་སྦྲུམ་ནས་ཟླ་བ་གསུམ་དང་ཞག་བདུན་ལོན་དུས་མངལ་གྱི་བྱིས་པ་དེར་བཀྲེས་སྐོམ་གྱི་འདུ་ཤེས་སྐྱེད་པར་བྱེད་པ་དང་།
ཨ་མས་ཟོས་ཤིང་འཐུང་བའི་འཚོ་བཅུད་དེ་མངལ་གནས་བྱིས་པའི་ལྟེ་བའི་རྩ་ལམ་བརྒྱུད་ནས་ལུས་ལ་ཕན་འདོགས་ཀྱིན་པར་གསུངས་ཤིང་།
བཅོམ་ལྡན་འདས་ཀྱིས་མདོ་དེ་ཉིད་དུ།
མས་ནི་ཟོས་ཤིང་འཐུངས་པ་དག།
མངལ་ན་གནས་ན་ཕན་འདོགས་པས།།
རིམ་གྱིས་སྐྱེ་དང་འཕེལ་བར་བྱེད།།
ཅེས་གསུངས་བ་ལྟར།
དེང་རབས་ཀྱི་ཚན་རིག་པ་དང་ཉམས་ཞིབ་པ་ཚོས་ཀྱང་ཨ་མའི་ལུས་ལ་མངལ་ཆགས་ཏེ་ཟླ་བ་གསུམ་དང་ཕྱེད་སོང་པའི་སྐབས་སུ།
མངལ་གནས་བྱིས་པའི་མཁལ་མས་རྩོལ་སྒྲུབ་ལ་བརྟེན་ཏེ་མངལ་གནས་བྱིས་པས་མངལ་སྐྱིའི་གཤེར་ཁུ་མིད་བཞིན་ཡོད་པར་བཤད་ཀྱིན་ཡོད་པ་དང་།
ཟླ་བ་དྲུག་དང་ཕྱེད་ལོན་དུས་ལྟེ་ཐག་ནང་གི་རླན་གཤེར་བརྒྱུད་དེ་དབུགས་གཏོང་ལེན་བྱེད་ཀྱི་ཡོད་པ་དང་།
མིག་ཀྱང་འབྱེད་བཙུམ་བྱེད་ཐུབ་ཀྱི་ཡོད་པར་བཤད།
དེ་བཞིན་དུ་བོད་ཀྱི་གསོ་བ་རིག་པའི་གཞུང་དུའང་ཨ་མའི་མངལ་གྱི་ཁ་ཟས་དྭངས་མའི་བཅུད་དང་རྒྱུ་རྐྱེན་མང་བོ་ལ་བརྟེན་ནས།
མངལ་གནས་བྱིས་པ་དེ་མེར་མེར་བོ་ནས་ནུར་ནུར་བོ་ལ་སོགས་པའི་འཕེལ་རྒྱས་ཀྱི་གོ་རིམ་བརྒྱུད་ཏེ་ལུས་ཀྱི་ཡན་ལག་དང་དབང་པོ་རྣམས་ཕུན་སུམ་ཚོགས་པའི་མིར་འགྱུར་ཀྱི་ཡོད་པར་གསུངས་འདུག་པ་དང་།
དེང་རབས་ཀྱི་བྱིས་སྐྱོང་སློབ་གསོ་བ་ཚོས་ཨ་མས་གང་ཟོས་མངལ་གནས་བྱིས་པའི་འཚོ་བཅུད་ཡིན་པ་བརྗོད་ཀྱིན་ཡོད།
མངལ་གནས་བྱིས་པ་ཟླ་བ་དྲུག་ལོན་པའི་སྐབས་སུ་བདེ་སྡུག་གི་ཚོར་བ་ཤེས་ཀྱི་ཡོད་པར་བཤད་པ་ལྟར།
བྱིས་པ་མངལ་གནས་ཀྱི་སྐབས་སུ་ཕ་མ་སུ་ཡིན་ན་བདེ་ཐང་དང་འཕྲོད་བསྟེན་ལ་ཕན་པའི་བཟའ་བཏུང་གི་སྐོར་ལ་ལོངས་སྤྱོད་དགོས་པ་ཧ་ཅང་གལ་ཆེའོ།།
བྱིས་པའི་སློབ་གསོ་གླེང་བའི་གཏམ་ཞེས་པའི་དཔེ་ཆ་དེའི་རྩོམ་པ་པོ་རྒྱ་རོང་བརྩོན་འགྲུས་ལགས་ཀྱིས་བྱིས་སྒྲུང་གླིང་དུ་གསུང་བཤད་ཅིག་གནང་བའི་སྐབས་སུ་ཁོ་རང་གི་ཆུང་མའི་མངལ་ལྕི་བའི་སྐབས་སུ།
ཁོས་ཆུང་མའི་ཕོ་བར་སྣུམ་བྱུག་ཞོར་དུ་མངལ་དུ་གནས་པའི་བྱིས་པ་དང་ལྷན་དུ་རྩེད་མོ་རྩེས་པ་ཡིན་ཞེས་གསུངས་སོང་།
ཁོས་བཤད་
དོན་ཆུང་མའི་མངལ་གྱི་ཐད་ནས་སྐྱབས་འགྲོ་དང་དམིགས་བརྩེ་མ་བཏོན་ཏེ་ཆུང་མའི་ཕོ་བར་ལག་པ་འཇམ་པོས་སྣུམ་བྱུག་ཞོར་དང་བྱིལ་བྱིལ་གཏོང་ཞོར་དུ་བྱིས་པར་འབྲེལ་འདྲིས་བྱས་པ་དང་།
མངལ་གནས་བྱིས་པས་བརྡ་ལན་གྱི་ཚུལ་དུ་ཨ་མའི་མངལ་ནས་འགུལ་སྐྱོད་བྱེད་པ་དང་རྡོག་ཐོ་འཕེན་གྱི་འདུག་ཅེས་བཤད།ཁོས་ཆུང་མས་
སྐབས་སྐབས་སུ་ཁོར་ཁྱེད་རང་མོའི་མངལ་གྱི་བྱིས་པ་དང་ལྷན་དུ་རྩེད་མོ་རྩེ་བསམ་གྱི་འདུག་གམ་ཞེས་འདྲི་བ་དང་།
ཁོང་བཟའ་མི་གཉིས་ཀ་མངལ་གནས་བྱིས་པ་དང་མཉམ་དུ་རྩེད་མོ་རྩེ་བཞིན་ཡོད་ཅེས་གསུངས་སོང་།
ཕྱི་གླིང་གི་ཚན་རིག་པ་དང་ཉམས་ཞིབ་པ་ཚོས་ཀྱང་ཕྲུ་གུ་ཨ་མའི་མངལ་དུ་ཡོད་པའི་སྐབས་སུ་ཕ་མ་གཉིས་ཀྱིས་བྱེད་ཐབས་
སྣ་ཚོགས་བཀོལ་ནས་ཕྲུ་གུ་ལ་འབྲེལ་འདྲིས་བྱེད་དགོས་པའི་ལམ་སྟོན་གནང་གི་ཡོད།
མངལ་གནས་བྱིས་པ་ཟླ་བ་བདུན་དང་ཕྱེད་ལོན་དུས་ཨ་མའི་མངལ་ནས་རྡོག་ཐོ་མང་བོ་འཕེན་གྱི་ཡོད་པར་བཤད།
སྐབས་དེར་ཕ་མས་ཡ་ལན་གྱི་ཚུལ་དུ་ལག་ཡང་མོས་རྡོག་ཐོ་འཕེན་སའི་ཕོ་བའི་ཐད་ནས་མར་མནན་ཏེ་ཕྲུ་གུས་ཡ་ལན་བྱེད་མིན་ལ་ཚོད་ལྟ་བྱེད་ཆོག་པར་བཤད།
དེ་བཞིན་དུ་མངལ་གནས་བྱིས་པར་རོལ་དབྱངས་ཀྱི་ལམ་ནས་འབྲེལ་འདྲིས་བྱེད་པར་སྤྲོ་ན།
ཨ་མའི་མངལ་གྱི་ཐད་ནས་རོལ་དབྱངས་གྲགས་སུ་བཅུགས་ཏེ་བྱིས་པས་བརྡ་ལན་སྤྲོད་མིན་ལ་རྟོག་ཞིབ་བྱེད་ཆོག་པ་ཡིན།
བོད་ཀྱི་བུད་མེད་སློབ་གསོ་བ་དང་ཨེ་འཛེའི་རང་འདུན་པ་གྲགས་ཅན་སྒྲོལ་དཀར་མཚོ་ལགས་ཀྱིས་བྱིས་སྒྲུང་གླིང་དུ་སྔོན་ཆད་གསུང་བཤད་ཅིག་གནང་བའི་སྐབས་སུ།ཁོ་མོར་མངལ་ཡོད་པའི་སྐབས་སུ་མངལ་གྱི་ཐད་ནས་རོལ་དབྱངས་གྲགས་སུ་བཅུགས་ཏེ་བྱིས་པས་བརྡ་ལན་སྤྲད་པའི་བརྙན་ཞིག་བྱིས་སྒྲུང་གླིང་གི་ཚོགས་མི་ཚང་མའི་མིག་ལམ་དུ་བསྟར་བ་རེད།
དེ་ལྟར་ན་ཨ་མའི་ལུས་ལ་མངལ་སྦྲུམ་པའི་སྐབས་སུ་མངལ་གནས་སློབ་གསོ་སྐོར་ལ་དོ་སྣང་སྤྲད་དེ་བྱིས་པར་མངལ་གྱི་སློབ་གསོ་བྱེད་པ་གལ་ཆེའོ།།
མདོར་བསྡུས་ན།
དགའ་བོ་མངལ་འཇུག་གི་མདོ་དང་དུས་འཁོར་གྱི་རྒྱུད།
བོད་ཀྱི་གསོ་རིག་གི་གཞུང་ལུགས་སོགས་སུ་གསུངས་པའི་མངལ་གནས་བྱིས་པའི་ལུས་སེམས་ཀྱི་འཕེལ་འགྱུར་གྱི་སྐོར་དང་།
དེང་རབས་ཀྱི་ཚན་རིག་པ་དང་ཉམས་ཞིབ་པ་ཚོས་ཞིབ་འཇུག་གི་གྲུབ་དོན་གྱི་གནས་ཚུལ་རྣམས་ལ་མཐུན་པའི་ཆ་ཧ་ཅང་མང་བོ་ཡོད་པར་སྣང་།
དེ་ལྟར་ན་མ་འོངས་བོད་་ཀྱི་མི་རབས་རྗེས་མ་ཚོའི་འཚར་ལོངས་ཀྱི་ཆེད་དུ་དོ་ཁུར་ཆེ་བའི་བོད་ཀྱི་མཁས་པ་དང་ཉམས་ཞིབ་པ་ཚོས་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་དུ་གསུངས་པའི་བྱིས་སྐྱོང་སློབ་གསོའི་སྐོར་ཟུར་འདོན་བྱེད་ཐུབ་ན་ཕན་ཐོགས་རྒྱ་ཆེན་པོ་ཡོད་པར་སེམས།
ལྷག་པར་དུ་དགའ་བོ་མངལ་འཇུག་གི་མདོ་དང་དུས་འཁོར་གྱི་རྒྱུད།
བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སོགས་སུ་གསལ་བའི་མངལ་གནས་སློབ་གསོའི་སྐོར་དང་།
ལམ་རིམ་ཆེན་མོ་དང་སྤྱོད་འཇུག་ཆེན་མོ་ལ་སོགས་པའི་ལམ་རིམ་བློ་སྦྱོང་སྐོར་གྱིས་སེམས་ཁམས་དང་ཀུན་སྤྱོད་སློབ་གསོའི་སྐོར་ཀྱི་ལེགས་བཤད་རྨད་དུ་བྱུང་བ་དེ་དག་དེང་རབས་ཀྱི་ཚན་རིག་པ་དང་ཉམས་ཞིབ་པ་རྣམས་ཀྱི་ཞིབ་འཇུག་གི་གྲུབ་དོན་ལས་རྙེད་པའི་སློབ་གསོའི་བྱེད་ཐབས་ལ་སྦྱར་ཏེ་རང་རྐྱ་ཐུབ་པའི་བྱིས་སྐྱོང་སློབ་གསོའི་མ་ལག་ཅིག་བོད་ཡིག་ཐོག་འབྲི་ཐུབ་ན་དགེ་མཚན་ཆེ་བར་སེམས་སོ།།
Topic: མངལ་གནས་བྱིས་པའི་འཕེལ་འགྱུར་སྐོར་ཀྱི་རྒྱུན་ཤེས་དང་བྱེད་ཐབས།
No comments found.
New comment
Name
Subject
Comment
Please copy this text: 51522302d615
Menu
གློག་ཀླད་ལས་འཆར། Computer Project
བྱིས་སྐྱོང་བསླབ་བྱ།
སྐད་ཡིག་བསླབ་བྱ། Quotes
བསླབ་བྱ་གྲགས་ཆེན། Famous Quotes
ང་ཚོའི་སྐོར། About us
བྱིས་སྐྱོང་སློབ་གསོའི་མན་ངག་གཅེས་བཏུས།
བྱིས་པའི་གླུ་གཞས། Children's songs
བྱིས་པའི་བརྙན་འཕྲིན། Videos
ཐ་སྙད་གསར་བ།new vocabulary
བོད་ཡིག་སྦྱོང་ས། Learning Tibetan
སྒྲ་ལྡན་བྱིས་སྒྲུང་། Stories on MP3
འདྲ་པར། Event Photos
ཚོང་ཁང་། Shopping
ལོ་རེའི་སྙན་ཐོ། Annual report
བྱ་འགུལ། Events
སྣ་ཚོགས། Variety
གཡག་རྒོད་དང་འབྲེལ་བའི་གསར་འགྱྱར། Wildyaks in the news
Search site
Search site
Contact
Administrator
416-453-9887
admin@wildyaks.com
Homepage
Site map
RSS
Print