ཡོ་རོབ་གླིང་གི་དམངས་ཁྲོད་སྒྲུང་གཏམ།

ར་མ་སྤུན་གསུམ་དང་བདུད་ཕྲུག

གནའ་སྔ་མོ་སྔ་མོ་ཞིག་ལ། ར་མ་ཆེ་བ་དང་། ར་མ་འབྲིང་བ། ར་མ་ཆུང་བ་ཞེས་ར་མ་སྤུན་གསུམ་ཡོད། ར་མ་དེ་གསུམ་ཆུ་ཆེན་པོ་ཞིག་གི་འགྲམ་ན་ཆགས་པའི་ར་མའི་གྲོང་ཁྱེར་ཞིག་ཏུ་གནས་སྡོད་བྱེད་ཀྱིན་ཡོད་པ་དང་། ཆུ་བོ་དེའི་ཕ་རོལ་ན། རྩྭ་སྔོན་རིང་པོ་སྐྱེས་ཡོད་པའི་རི་བོ་ཆུང་ཆུང་ཞིག་ཡོད། ར་མ་སྤུན་གསུམ་གྱིས་རྩྭ་སྔོན་དེ་ཟ་བསམ་ནས་དུས་ཡིན་རིང་པོ་ཞིག་ཕྱིན་པ་རེད།

ཉིན་ཞིག་ལ། ར་མ་སྤུན་གསུམ་ཆུ་བོའི་ཕ་རོལ་ལ་འགྲོ་སའི་ཟམ་པ་ཞིག་ཡོད་པ་དེ་བརྒྱུད་ནས་རྩྭ་ཟ་རུ་སོང་། འོན་ཀྱང་ཟམ་པའི་འོག་ཏུ་ལྟོགས་རྔམ་ཅན་གྱི་བདུད་ཕྲུག་ཤ་གཟན། ཧ་ཅང་ཆེན་པོ་དང་ལྟ་ན་མདོག་ཉེས་པོ་ཞིག་ཡོད་པ་དེས་དཀའ་ངལ་བཟོ་གི་ཡོད།

 

ར་མ་ཆུང་བ་དེ་ཟམ་པའི་སྟེང་ནས་ཕར་འགྲོ་བཞིན་ཡོད་དུས། ཟམ་པའི་འོག་ནས། བདུད་ཕྲུག་གིས། ངའི་ཟམ་པའི་སྟེང་དུ་ཐག་ཐག་ཅེས་འགྲོ་བཞིན་ཡོད་པ་དེ་སུ་རེད་ཅེས་སྐད་བརྒྱབ།

ར་མ་ཆུང་བས་སྐད་ངག་འཇམ་པོས་ང་ཡིན། ང་ར་མ་ཆུང་བ་ཡིན་ཞེས་ལན་བཏབ། བདུད་ཕྲུག་གི་ཁ་ནས་ངར་སྒྲ་འདོན་ཞོར་དུ། དེ་ན་ངས་ཞོགས་ཟས་ཟོས་མེད། ད་ཁྱོད་ཟ་གི་ཡིན་ཞེས་བཤད།

 

ར་མ་ཆུང་བས། སུ། ང་ཟ་གི་ཡིན་ནམ། ང་ལ་ལྟོས་དང་། འདི་འདྲའི་ཆུང་ཆུང་ཞིག་རེད། ངའི་སྤུན་མཆེད་འབྲིང་བ། ར་མ་འབྲིང་བ་དེ་གཞུག་ན་ཡོང་གི་ཡོད། ཁོ་ཟོ་དང་། ང་དང་བསྡུར་ན་ཧ་ཅང་ཆེན་པོ་རེད་ཅེས་བཤད།

བདུད་ཕྲུག་གིས། དེ་འདྲ་ཡིན་ན་འགྲིག་འདུག་ཅེས་ར་ཆུང་བ་དེ་ཟམ་པའི་ཕར་ཕྱོགས་སུ་འགྲོ་རུ་བཅུག  ར་མ་ཆུང་བའི་སེམས་སུ། བདུད་ཕྲུག་འདི་ཇི་འདྲའི་གླེན་པ་ཞིག་རེད་ཅེས་དྲན་ཞོར་དུ་རྩ་ཟ་རུ་ཕྱིན་སོང་།

 

ར་མ་ཆུང་བ་སོང་ནས་ཅུང་མ་འགོར་བར། ར་མ་འབྲིང་བ་ཟམ་པ་དེའི་སྟེང་ནས་ཕར་འགྲོ་བཞིན་ཡོད་དུས། ཡང་ཟམ་འོག་ནས། བདུད་ཕྲུག་གིས། ངའི་ཟམ་པའི་སྟེང་དུ་ཐག་ཐག་འགྲོ་བཞིན་དེ་སུ་རེད་ཅེས་སྐད་བརྒྱབ།

ར་མ་འབྲིང་བས་སྐད་ཤུགས་ཅུང་ཆེན་པོས་ང་ཡིན། ང་ཡིན་ཞེས་ལན་བཏབ། བདུད་ཕྲུག་གི་ཁ་ནས་ངར་སྐད་འདོན་ཞོར་དུ། ཡ་དེ་ན། ངས་ཉིན་གོང་གི་ཟ་མ་ཟོས་མེད། ད་ཁྱོད་ཟ་གི་ཡིན་ཞེས་བཤད།

 

ར་མ་འབྲིང་བ་ན་རེ། སུ། ང་ཟ་གི་ཡིན་ལབ་ཀྱིན་ཡོད་དམ། ཁྱོད་ནི་ཇི་འདྲའི་ལྐུགས་པ་ཞིག་རེད། ངའི་སྤུན་ཆེ་བ་ཟོ་དང་། ཁོ་གཞུག་ན་ཡོང་གི་ཡོད། ང་དང་བསྡུར་ན་ཁོ་ཧ་ཅང་ཆེན་པོ་ཡིན་ཞེས་བཤད་པས། འབྲིང་བ་དེའང་ཟམ་པའི་ཕར་ཕྱོགས་སུ་འགྲོ་རུ་བཅུག

 

ར་མ་འབྲིང་བ་སོང་ནས་ཅུང་ཙམ་ལས་མ་འགོར་བར། ར་མ་ཆེན་པོ་དེ་ཟམ་པའི་སྟེང་ནས་ཕར་འགྲོ་བཞིན་ཡོད་དུས་ཟམ་པ་འགུལ་བ་དང་། ཟམ་འོག་དུ་ཡོད་པའི་ བདུད་ཕྲུག་གིས། ངའི་ཟམ་པའི་སྟེང་དུ་འགྲོ་བཞིན་པ་དེ་སུ་རེད་ཅེས་སྐད་བརྒྱབ།

ར་མ་ཆེན་པོས། སྐད་ཤུགས་ཆེན་པོས། ང་ཡིན། ཁྱོད་ལ་ག་རེ་བྱེད་ཀྱི་ཡོད་ཅེས་བཤད། བདུད་ཕྲུག་གིས་ཀྱང་སྐད་ཤུགས་ཆེན་པོས། ངས་ད་དུང་ནུབ་ཟས་ཟོས་མེད། དེ་ན་ངས་ཁྱོད་ཟ་གི་ཡིན་ཞེས་བཤད། ར་མ་ཆེན་པོ་དེས་རྭ་ཅིག་གཡུག་ནས་བདུད་ཕྲུག་དེ་ཟམ་པའི་སྟེང་ནས་མར་ཆུ་ནང་ལ་གཡུགས། 

བདུད་ཕྲུག་ཆུར་རྐྱལ་མི་ཤེས་པས་དེ་མ་ཐག་ཆུ་ནང་དུ་ནུབ།དེ་ནས་བཟུང་ར་མ་སྤུན་གསུམ་པོ་ཉིན་རྟག་པར་ཆུའི་ཕ་རོལ་དུ་སོང་སྟེ་རྩྭ་ཟ་ཐུབ་པ་རེད།

 

མཁས་གྲུབ་གྱིས་བསྒྱུར། ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Topic: ཡོ་རོབ་གྱི་དམངས་ཁྲོད་སྒྲུང་གཏམ།

No comments found.

New comment