རྗོའུ་མི་རིགས་ཀྱི་དམངས་ཁྲོད་སྒྲུང་གཏམ།

གསེར་ཌཾ་བརྒྱ་ཡོད་པའི་དངུལ་ཁུག

༄༅།། ཉིན་ཞིག་གཞུང་དྲང་ཅན་གྱི་སྤྲང་པོ་ཞིག་ཁྲོམ་སྲང་ལ་ཉུལ་བཞིན་ཡོད་དུས། གོ་བའི་བཟོས་པའི་དངུལ་ཁུག་ཅིག་རྙེད་པ་དང་། དངུལ་ཁུག་ནང་དུ་གསེར་ཌཾ་བརྒྱ་ཐམ་པ་ཡོད། སྐབས་དེར། ངོ་མདངས་ཤོར་བའི་ཚོང་བ་ཞིག་གིས་ངའི་དངུལ་ཁུག་བོར་སོང་། གལ་ཏེ་རྙེད་མཁན་ཡོད་ན་རྔན་པ་ཡག་པོ་སྤྲད་ཀྱི་ཡིན་ཞེས་སྐད་ཅོར་རྒྱག་ཞོར་དུ་རྒྱུག་ནས་ཐོན། གཞུང་དྲང་ཅན་གྱི་སྤྲང་པོ་དེ་དགའ་ནས། ཚོང་བའི་མདུན་ལ་སོང་སྟེ། ཚོང་དཔོན་ལགས། ངས་ཁྱེད་ཀྱི་དངུལ་ཁུག་རྙེད་སོང་ཞེས་ལབ་ཞོར་དུ་དངུལ་ཁུག་ཚོང་བ་ལ་སྤྲོད་ནས། ད་ཚོང་དཔོན་གྱིས་ང་ལ་རྔན་པ་ཅི་ཞིག་སྤྲོད་ཀྱི་ཡིན་ནམ་ཞེས་དྲིས། ཚོང་བའི་ལག་ཏུ་དངུལ་ཁུག་རེག་མ་ཐག ག་རེའི་རྔན་པ་ཞེས་ལབ་ཞོར་དུ། འདོད་རྔམ་ཆེན་པོས་དངུལ་ཁུག་ནང་གི་གསེར་ཌཾ་གྲངས་ཀ་བརྩི་བར་བྲེལ། བརྩིས་ཚར་བ་དང་མཉམ་དུ། སྤྲང་པོའི་གདོང་ལ་མཛུབ་མོ་བཙུགས་ཏེ། ངའི་དངུལ་ཁུག་ནང་དུ་གསེར་ཌཾ་ཉིས་བརྒྱ་ཐམ་པ་ཡོད། སྤྲང་རྒན། ཁྱོད་ཕར་འགྲོ་ཐུབ་ན་བཟང་། ཁྱོད་ཀྱིས་ངའི་གསེར་གྱི་ཕྱེད་ཀ་བརྐུས་འདུག རྐུན་མ་ལ་རྔན་པ་སྤྲོད་སྲོལ་ཞིག་སུ་ལ་ཡོད་པ་རེད་ཞེས་ཅེས་སྡུག་དམོད་བྱེད་བཞིན། གལ་ཏེ་ཁྱོད་ཕར་མི་འགྲོ་ན་ངས་ཉེན་རྟོག་པར་སྐད་གཏོང་གི་ཡིན་ཞེས་གཤེ་གཤེ་བཏང་། སྤྲང་པོ་ན་རེ། ང་ལ་འབྱོར་བ་མེད་ཀྱང་། མི་གཤིས་དང་ཀུན་སྤྱོད་ཡོད་ཅེས་བཤད་བཞིན། བསམ་ཤེས་མེད་པའི་ཚོང་བ་འདོད་རྔམ་ཅན་དེ་ཁྲིམས་སར་ཁྲིད་པ་རེད།

ཁྲིམས་དཔོན་གྱིས་ཚོང་བ་དང་སྤྲང་པོ་གཉིས་ཀྱིས་བཤད་པའི་སྐད་ཆ་ལ་ལེགས་པོར་ཉན་རྗེས། ཁྱེད་རང་གཉིས་ཀྱིས་བཤད་པ་ལ་རྒྱུ་མཚན་འདུག ད་ངས་ཐག་གཅོད་དྲང་མོ་བྱེད་ཀྱི་ཡིན་ཞེས་ན་རེ། ཡ་ཚོང་དཔོན་ཁྱོད་ཀྱིས་གསེར་ཌཾ་ཉེས་བརྒྱ་ཡོད་པའི་དངུལ་ཁུག་ཅིག་བོར་འདུག གསེར་ཌཾ་ཉིས་བརྒྱ་ཐམ་པ་ནི་གྲངས་ཀ་ཧ་ཅང་མང་པོ་རེད། འོན་ཀྱང་། སྤྲང་པོ་འདིས་རྙེད་པའི་དངུལ་ཁུག་ནང་ན་གསེར་ཌཾ་བརྒྱ་ཐམ་པ་ལས་མེད་པའི་རྒྱུ་མཚན་གྱིས།དངུལ་ཁུག་འདི་ཁྱོད་ཀྱིས་བོར་བའི་དངུལ་ཁུག་དེ་མ་རེད་ཅེས།གསེར་ཌཾ་བརྒྱ་ཡོད་པའི་དངུལ་ཁུག་དེ་སྤྲང་པོ་དེ་ལ་ཕྱིར་སྤྲད་དོ།།

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Topic: རྗོའུ་མི་རིགས་ཀྱི་དམངས་ཁྲོད་སྒྲུང་གཏམ།

No comments found.

New comment