སྤྱང་ཀི་དང་ཝ་མོ། རི་བོང་གསུམ་ཇག་ལ་སོང་བ།

སྤྱང་ཀི་དང་ཝ་མོ། རི་བོང་གསུམ་ཇག་ལ་སོང་བ།

གནས་སྔ་མོ་སྔ་མོ་ཞིག་ན། སྤྱང་ཀི་དང་ཝ་མོ། རི་བོང་གསུམ་རི་མགོ་ལ་ཇག་ལ་སོང་བ་དང་། ཁོང་ཚོས་ཐག་རིང་ཐག་རིང་ཞིག་ན། ཨ་སྐྱོ་བ་ཞིག་ཡོང་གི་ཡོད་པ་མཐོང་བ་དང་། རི་བོང་གིས་སྤྱང་ཀི་དང་ཝ་མོ་གཉིས་ལ་བཤད་རྒྱུར། ཨ་སྐྱོ་བ་དེ་ཐག་ཉེ་སར་སླེབས་དུས། ང་ཁོའི་མགོ་ཐོག་ནས་ཕར་མཆོང་སྟེ་འབྲོས་འཇོག་གི་ཡིན། སྐབས་དེར་ཨ་སྐྱོ་བ་དེས་ཁུར་བོ་སར་གཡུག་སྟེ་ངའི་རྗེས་འདེད་ཡོང་ངེས་ཡིན་པས། ཁྱེད་གཉིས་ཀྱིས་ཁོའི་ཁུར་བོ་ཁྱེར་ལ་མགྱོགས་པོར་བྲོས་ཤིག་ཅེས་བློ་བཏོན།

 

དེ་ནས་ཨ་སྐྱོ་བ་དེ་ཁོང་ཚོའི་ཉེ་འགྲམ་དུ་འཐོན་ལ་ཉེ་བ་ན། རི་བོང་རྒྱུགས་ཐེངས་གཅིག་གིས་ཁོའི་མགོ་སྟེང་ནས་ཕར་མཆོང་བ་དང་། རི་བོང་གིས་ཚོད་དཔག་བྱས་པ་ལྟར་ཁོས་ཁུར་བོ་སར་གཡུག་སྟེ། རི་བོང་གི་རྗེས་སུ་སྙེག། སྐབས་དེར། སྤྱང་ཀི་དང་ཝ་མོ་གཉིས་རྒྱུགས་ནས་ཁུར་བོ་ཁྱེར་ཏེ་བྲོས། ཨ་སྐྱོ་བས་རི་བོང་བསྐྱུར་ཏེ་ཕྱིར་ཁུར་བོ་ལེན་དུ་སོང་དུས། ཁུར་བོ་མཐོང་ས་ན་མེད་པ་རེད།

 

དེ་ནས་རི་བོང་དང་། སྤྱང་ཀི། ཝ་མོ་གསུམ་རྡོ་ཕ་བུང་ཞིག་གི་འོག་ཏུ་འཛོམས་ཏེ། རི་བོང་གིས་ཁུར་བོའི་ནང་གི་ཅ་ལག་རྣམས་བགོ་བྱ་བྱས། ལྷམ་ཡུ་རིང་ཆ་གཅིག་ཡོད་པ་སྤྱང་ཀི་ལ་སྤྲད་དེ། ཁྱོད་ཨ་ཁུ་འབྲོག་པ་ཚང་གི་ལུག་ནང་ལ་རྒྱུག་དུས་ལྷམ་ཞིག་དགོས་མཁོ་ཆེ་བས། ལྷམ་འདི་ཁྱོད་ཀྱི་སྐལ་ཡིན། ཞེས་དང་། དྲིལ་བུ་ཞིག་ཡོད་པ་ཝ་མོ་ལ་སྤྲད་དེ། ཁྱོད་ལ་བུ་ཕྲུག་མང་བས་དྲིལ་བུ་འདི་ཁྱོད་ཀྱི་སྐལ་ཡིན། དེ་ནས་རི་བོང་གིས་རྒྱུ་མ་འདི་ང་ལ་མ་ཎི་འདོན་ས་རུ་མཁོ་བ་དང་། ཐུད་འདི་ང་ལ་གྲི་བརྡར་ས་རུ་མཁོ་ཞེས་རང་གི་ཨམ་ཕྲག་ཏུ་བཅུགས་པ་དང་།

 

དེ་ནས་ཁོང་གསུམ་རང་རང་གི་སར་ཆས་སོང་བ་རེད། ཕྱི་ཉིན་སྤྱང་ཀིས་ལྷམ་གྱོན་ཏེ་ལུག་ནང་ལ་རྒྱུགས་པའི་སྐབས་སུ། ལུག་རྫིས་ཐོས་ཏེ་སྤྱང་ཀུ་འཛིན་དུ་འོང་བ་ན། ལྷམ་ལྕི་དྲགས་པས། ཁོ་མགྱོགས་པོར་བྲོས་མ་ཐུབ་པར། ལུག་རྫིས་འཇུས་ཏེ་བཅར་བརྡུང་ཡག་ཐག་ཆོད་ཅིག་བྱས་པ་རེད། དེ་བཞིན་དུ་ཝ་མོ་ནང་ལ་སླེབས་དུས། ངའི་གཅེས་ཕྲུག་ཚོ་འདིར་ཤོག་དང་ཞེས་འབོད་ཞོར་དུ། དྲིལ་བུ་འཁྲོལ་བ་ན། ཝ་ཕྲུག་ཚོ་སྐྲག་ཐག་ཆོད་དེ། ཕྱོགས་ཕྱོགས་སུ་བྲོས་ནས། རྙེད་དཀའ་བ་ཞིག་བྱུང་བ་རེད། དེ་ནས་ཝ་མོ་དང་སྤྱང་ཀི་གཉིས་འཛོམས་ཏེ། ཕན་ཚུན་གཅིག་གིས་གཅིག་ལ། ངེད་གཉིས་ལ་རི་བོང་གིས་མགོ་སྐོར་བཏང་འདུག་པས། རི་བོང་ལ་དགྲ་ཤ་ལེན་དུ་འགྲོ་ཞེས་ལམ་དུ་ཆས། རི་བོང་གིས་ཁོང་གཉིས་ཡོང་གི་ཡོད་པ་མཐོང་སྟེ། མགྱོགས་པོར་རང་གི་གདོང་ལ་རྒྱུ་མའི་ནང་གི་ཁྲག་ཅུང་ཟད་བྱུག་སྟེ་ན་རྫུ་བྱས་ནས་བསྡད་པ་ན། སྤྱང་ཀི་དང་ཝ་མོ་གཉིས་ཀྱིས་རི་བོང་གི་གདོང་པ་ཁྲག་གིས་གཡོགས་ཡོད་པ་མཐོང་ནས། བཅོམ་འཕྲོག་བྱས་པས་ལས་འབྲས་ངན་པ་ཚང་མ་ལ་འཁོར་བ་རེད་བསམས་ཏེ་ཕྱིར་སོང་བ་རེད།

ལྕགས་མོ་འཚོས་ལེགས་བཅོས་བྱས། མཁས་གྲུབ་གྱིས་བསྡུ་སྒྲིག་དང་རི་མོ་བྲིས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: སྤྱང་ཀུ་དང་ཝ་མོ། རི་བོང་གསུམ་ཇག་ལ་སོང་བ།

politician order generic cialis

AFrauckcica | 21/06/2020

<a href="https://cialisle.com/">cialis vs viagra</a>

སྤྱང་ཀི་དང་ཝ་མོ། རི་བོང

རི་བོང | 02/07/2014

མ་ཎི་འདོན

པར་ཡག་པོ་འདུག

ཇ་མ། | 05/11/2013

སྒྲུང་དང་པར་སོགས་ཡག་པོ་འདུག ངོ་མ་རྗེས་སུ་ཡི་རིངས་ཡོད།

བཀྲིས་བདེ་ལེགས།

་གླིང་གཅེར་བུ། | 14/07/2013

སྒྲུང་འདི་བླངས་ཡོད། རྗེས་ཕྱོགས་དེ་ལྟར་དུ་རྒྱབ་སྐྱོར་ཡོད་པའི་རེ་བ་ཞུ་ཞུ།

New comment